མད་ཐཱ་ལེའུ་ཉི་ཤུ་རྩ་གསུམ་པ།
Matthew 23
1 དེ་ནས་ཡེ་ཤུས་མི་ཚོགས་དང་རྗེས་འབྲང་པ་རྣམས་ལ་གསུངས་པར། 2 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས་སྔོན་ཤེས་པ་མོ་ཤེ་ཡིས་ཁྲི་ལ་བསྡད་ཡོད་པས། 3 ཁོ་ཚོས་ཁྱེད་ཚོར་བཤད་པ་ཐམས་ཅད་ཁྱེད་ཚོས་མཉན་ནས་བརྩི་སྲུང་བྱེད་དགོས། ཡིན་ན་ཡང་ཁོ་ཚོའི་བྱེད་སྟངས་ལྟར་མ་བྱེད་དང་། གང་ཡིན་ཟེར་ན་ཁོ་ཚོས་བཤད་ད་བཤད་ཀྱང་རང་གི་བཤད་པ་ལག་ལེན་བྱེད་མི་སྲིད། 4 ཁོ་ཚོས་འཁུར་པོ་ལྗིད་པོ་བསྡམས་ནས་མི་རྣམས་ཀྱི་དཔུང་འགོར་བཞག་ཀྱང་། རང་གི་མཛུབ་མོ་ཞིག་གིས་དེ་སྤོ་ཙམ་བྱེད་པའི་འདོད་པ་མེད། 5 ཁོ་ཚོས་བྱེད་པའི་བྱ་སྤྱོད་ཚང་མ་མི་ལ་སྟོན་པའི་བྱེད་དུ་རེད། ཁོ་ཚོས་སྲུང་སྐྱོབ་འཐོབ་པའི་ཆེད་དུ་གྱོན་པའི་གསུང་རབ་གི་སྒམ་ཆུང་ཆེ་རུ་གཏོང་ལ་ཕྱི་གོས་ཀྱི་མཐའ་རིང་དུ་གཏོང་། 6 ཁོ་ཚོ་དགོང་ཟས་ཟ་དུས་མི་རྣམས་ཀྱི་དོ་སྣང་ཆེ་ཤོས་བྱེད་པའི་སྡོད་ས་དང་། ཚོགས་ཁང་ནང་དུ་མདུན་ཕྱོགས་གི་སྡོད་ས་ལ་དགའ། 7 ད་དུང་ཁྲོམ་རའི་ནང་ལ་མི་རྣམས་ཀྱིས་ཁོ་ཚོར་འཚམས་འདྲི་བྱེད་པ་དང་མི་རྣམས་ཀྱིས་ཁོ་ཚོར་‘སློབ་དཔོན་ལགས’ཞེས་འབོད་པ་ལ་དགའ། 8 འོན་ཀྱང་ཁྱེད་ཚོས་སློབ་དཔོན་ཞེས་འབོད་སྟངས་དང་ལེན་བྱེད་མི་ཆོག གང་ཡིན་ཟེར་ན་ཁྱེད་ཚོའི་དགེ་རྒན་གཅིག་ལས་མེད་པ་དང་། ཁྱེད་ཚོ་ཚང་མ་སྤུན་ཟླ་ཡིན། 9 ཁྱེད་ཚོས་ས་སྟེང་གི་མི་སུ་ལ་ཡང་‘ཡབ’ཅེས་འབོད་མི་ཆོག གང་ཡིན་ཟེར་ན་ཁྱེད་ཚོའི་ཡབ་ནི་ནམ་མཁར་བཞུགས་པའི་ཡབ་ཁོ་ན་ཡིན། 10 ཁྱེད་ཚོས་དབུ་ཁྲིད་ཅེས་འབོད་སྟངས་ཀྱང་དང་ལེན་བྱེད་མི་ཆོག གང་ཡིན་ཟེར་ན་ཁྱེད་ཚོའི་དབུ་ཁྲིད་ནི་ཁི་རི་སི་ཐོ་ཁོ་ན་ཡིན། 11 ཁྱེད་ཚོའི་ཁྲོད་དུ་རླབས་ཆེ་ཤོས་ཀྱི་མི་དེ་ཁྱེད་ཚོའི་ཞབས་འདེགས་པ་བྱེད་དགོས་རེད། 12 སུ་ཞིག་གིས་རང་ཉིད་མཐོ་རུ་བཏང་ན་མི་དེ་དམའ་རུ་འགྲོ།་སུ་ཞིག་གིས་དམའ་ས་བཟུང་ན་མི་དེ་མཐོ་རུ་གཏོང་གི་རེད།
13 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས། ཁྱེད་ཚོ་ཚུལ་འཆོད་མཁན་ལ་ཆགས་སྒོ་ཡོང་ངེས། གང་ཡིན་ཟེར་ན་ཁྱེད་ཚོས་མིའི་མདུན་དུ་ནམ་མཁའི་རྒྱལ་སྲིད་ཀྱི་སྒོ་རྒྱག་སྟེ། རང་ཉིད་མི་འཛུལ་བ་མ་ཟད། འཛུལ་བཞིན་ཡོད་པའི་མི་ལ་ཡང་བཀག་འགོག་བྱེད། 14 ---
15 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས། ཁྱེད་ཚོ་ཚུལ་འཆོད་མཁན་ལ་ཆགས་སྒོ་ཡོང་ངེས། གང་ཡིན་ཟེར་ན་ཁྱེད་ཚོས་མི་གཅིག་ཡ་ཧུ་དཱ་ཆོས་ལུགས་པར་བསྒྱུར་བའི་ཆེད་དུ་རྒྱ་མཚོ་དང་སྐམ་ས་གང་སར་འགྲོ། ཡིན་ན་ཡང་མི་ཞིག་ཡ་ཧུ་དཱ་ཆོས་ལུགས་པར་གྱུར་ན། མི་དེ་ཁྱེད་ཚོ་ལས་ཚབས་ལྡབ་གཉིས་ཆེ་ཞིང་ཧིན་ནོམ་གྱི་ལུང་གཤོང་དུ་དབྱུགས་འོས་པའི་ཉེས་ཅན་པ་ཞིག་ཏུ་བཟོ།
16 “ཁྱེད་ཚོ་་མིག་ལོང་བའི་ལམ་སྟོན་པ་ལ་ཆག་སྒོ་ཡོང་ངེས། ཁྱེད་ཚས་‘མཆོད་ཁང་དཔང་དུ་བཙུགས་ནས་དམ་བཅའ་བཞག་ན་ཡང་གལ་མི་འདུག འོན་ཀྱང་མཆོད་ཁང་གི་གསེར་དཔང་དུ་བཙུགས་ནས་དམ་བཅའ་བཞག་ན་མི་དེས་འགན་འཁུར་དགོས’ཅེས་ཟེར། 17 གླེན་པ་དང་ཞར་བ་རྣམས། ཡང་སྙིང་གང་ཞིག་རྩ་ཆེ་བ་ཡོད་དམ། གསེར་ཡིན་ནམ། ཡང་ན་གསེར་དེ་དཀོན་མཆོག་ལ་བདག་ཏུ་བཅུག་པའི་མཆོད་ཁང་ཡིན་ནམ། 18 ཁྱེད་ཚོས་‘མཆོད་སྟེགས་དཔང་དུ་བཙུགས་ནས་དམ་བཅའ་བཞག་ན་ཡང་གལ་མི་འདུག འོན་ཀྱང་མཆོད་སྟེགས་སྟེང་གི་འབུལ་བ་དཔང་དུ་བཙུགས་ནས་དམ་བཅའ་བཞག་ན་མི་དེ་འགན་འཁུར་དགོས’ཞེས་ཟེར། 19 མི་ཞར་བ་རྣམས། ཡང་སྙིང་གང་ཞིག་རྩ་ཆེ་བ་ཡོད་དམ། འབུལ་བ་ཡིན་ནམ། ཡང་ན་འབུལ་བ་དེ་དཀོན་མཆོག་ལ་བདག་ཏུ་བཅུག་པའི་མཆོད་ཁང་ཡིན་ནམ། 20 མཆོད་སྟེགས་དཔང་དུ་བཙུགས་ནས་དམ་བཅའ་འཇོག་མཁན་ནི་མཆོད་སྟེགས་དང་དེའི་སྟེང་དུ་བཞག་པ་ཚང་མ་དཔང་དུ་བཙུགས་ནས་དམ་བཅའ་བཞག་ཡོད། 21 མཆོད་ཁང་དཔང་དུ་བཙུགས་ནས་དམ་བཅའ་འཇོག་མཁན་ནི་མཆོད་ཁང་དང་དེར་བཞུགས་མཁན་དཔང་དུ་བཙུགས་ནས་དམ་བཅའ་བཞག་ཡོད། 22 ཡང་ནམ་མཁའ་དཔང་དུ་བཞག་ནས་དམ་བཅའ་འཇོག་མཁན་ནི་དཀོན་མཆོག་གི་བཞུགས་ཁྲི་དང་དེར་བཞུགས་མཁན་དཔང་དུ་བཙུགས་ནས་དམ་བཅའ་བཞག་ཡོད།
23 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས། ཁྱེད་ཚོ་ཚུལ་འཆོད་མཁན་ལ་ཆགས་སྒོ་ཡོང་ངེས། ཁྱེད་ཚོས་དག་ཅི་དང་ དང་གོ་སྙོད་སོགས་ཀྱི་བཅུ་ཆ་གཅིག་གི་ཁྲལ་བསྤྲད་ཀྱང་། དྲང་བདེན་དང་བྱམས་སྙིང་རྗེ་དང་བློ་དཀར་བ་བཅས་བཀའ་ཁྲིམས་ཀྱི་གལ་ཆེ་བའི་དོན་དག་ལ་སྣ་བ་མ་བཏང་། འདི་ཚོ་ནི་ངེས་པར་དུ་སྲུང་དགོས་པའི་དོན་དག་ཡིན། ཡིན་ན་ཡང་གལ་ཆུང་བའི་དོན་དག་ལ་ཡང་དོ་སྣང་བྱེད་དགོས།
24 མིག་ལོང་བའི་ལམ་སྟོན་པ་རྣམས། ཁྱེད་ཚོས་དུག་སྦྲང་བཙགས་ཀྱང་རྔ་མོང་ཁྱུར་མིག་གཏོང་།
25 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས། ཁྱེད་ཚོ་ཚུལ་འཆོད་མཁན་ལ་ཆགས་སྒོ་ཡོང་ངེས། ཁྱེད་ཚོས་ཕོར་པ་དང་སྡེར་མའི་ཕྱི་ལོགས་ཁྲུས་ཀྱང་ནང་ལོགས་ནི་ཧམ་སེམས་དང་བག་གཡེང་གིས་ཁེངས།
26 མིག་ལོང་བའི་ཕཱ་རི་སི་ཤོག་ཁག་གི་མི་རྣམས། སྔོན་ལ་ཕོར་པ་དང་སྡེར་མའི་ནང་ལོགས་ཁྲུས་ཤིག དེ་ལྟར་བྱས་ན་ཕྱི་ལོགས་ཀྱང་གཙང་མར་འགྱུར་ཡོང་།
27 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས། ཁྱེད་ཚོ་ཚུལ་འཆོད་མཁན་ལ་ཆགས་སྒོ་ཡོང་ངེས། ཁྱེད་ཚོ་རྡོ་ཞོ་དཀར་པོ་བྱུགས་པའི་དུར་ཁང་དང་འདྲ། དེ་ཕྱི་ཚུལ་མཛེས་པོ་ཡོད་ཀྱང་ནང་ལོགས་ལ་གཤིན་པོའི་རུས་པ་དང་བཙོག་པ་སྣ་ཚོགས་ཀྱིས་ཁེངས་འདུག
28 དེ་བཞིན་དུ་ཁྱེད་ཚོ་ཕྱི་ཚུལ་ལ་བལྟས་ན་དྲང་བདེན་གྱི་མ་ལྟར་ཡིན། འོན་ཀྱང་ཁྱེད་ཚོའི་ནང་སེམས་ནི་ཚུལ་འཆོད་དང་ཁྲིམས་འགལ་གྱིས་ཁེངས་འདུག
29 “བཀའ་ཁྲིམས་མཁས་པ་རྣམས་དང་ཕཱ་རི་སི་ཤོག་ཁག་གི་མི་རྣམས། ཁྱེད་ཚོ་ཚུལ་འཆོད་མཁན་ལ་ཆགས་སྒོ་ཡོང་ངེས། ཁྱེད་ཚོས་སྔོན་ཤེས་པ་རྣམས་ཀྱི་དུར་ཁང་རྩིག་ལ། དྲང་བདེན་གྱི་མི་རྣམས་ཀྱི་དུར་ཁང་མཛེས་པོ་བཟོ། 30 དེ་ནས་ཁྱེད་ཚོས་ ‘གལ་སྲིད་ང་ཚོ་མེས་པོའི་དུས་རབས་ལ་ཡོད་པ་ཡིན་ན། ཁོ་ཚོ་དང་མཉམ་དུ་སྔོན་ཤེས་པ་རྣམས་མི་གསོད’ཅེས་ཟེར། 31 ཁྱེད་ཚོས་དེ་ལྟར་བྱས་ནས་རང་ཉིད་སྔོན་ཤེས་པ་བསད་མཁན་གྱི་རྒྱུད་པ་ཡིན་པ་ངོ་ལེན་བྱས་ཀྱི་འདུག 32 ཁྱེད་ཚོས་མེས་པོས་འགོ་བཙུགས་པའི་ལས་ཀ་དེ་སྒྲུབ་ཚར་ཞིག
33 “དུག་སྦྲུལ་གྱི་རྒྱུད་པ་རྣམས། ཁྱོད་ཚོ་སྦྲུལ་རྣམས་ཧིན་ནོམ་གྱི་ལུང་གཤོང་དུ་དབྱུག་པའི་ཁྲིམས་གཅོད་ལས་ཐར་ཐབས་གང་ལ་ཡོད་དམ། 34 འདིའི་རྐྱེན་གྱིས་ངས་ཁྱེད་ཚོར་སྔོན་ཤེས་པ་དང་བློ་གྲོད་ཅན་དང་སྤྱི་ཚོགས་སློབ་སྟོན་པ་རྣམས་གཏོང་གི་ཡིན། ཁྱེད་ཚོས་ཁ་ཤས་གསོད་ལ་ཁ་ཤས་ཀ་བའི་སྟེང་དུ་སྲོག་གཅོད། ཡང་ཁ་ཤས་ཚོགས་ཁང་ནང་དུ་ལྕགས་ཐག་གིས་གཞུས་ནས་གྲོངས་འཁྱེར་གཅིག་ནས་གཅིག་ཏུ་མནར་གཅོད་གཏོང་གི་རེད། 35 དེ་ལྟར་བྱས་ནས་དྲང་བདེན་གྱི་མི་ཨ་བེལ་གྱི་ཁྲག་ནས་ཁྱེད་ཚོས་མཆོད་ཁང་དང་མཆོད་ཁྲི་བར་ལ་བསད་པའི་པཱ་ར་ཁི་ཡཱའི་བུ་ཛེ་ཀ་རི་ཡཱའི་ཁྲག་བར་དུ་ས་ལ་ཤོར་བའི་ཁྲག་ཐམས་ཅད་ཁྱེད་ཚོའི་སྟེང་དུ་ལོག་ཡོང་། 36 ངས་ཁྱེད་ཚོར་བདེན་པ་ཟེར། དེ་དག་ཐམས་ཅད་མི་རབས་འདིས་འགན་འཁུར་དགོས།
37 “ཀྱེ་ཨེར་ཤ་ལེམ། ཨེར་ཤ་ལེམ། སྔོན་ཤེས་པ་རྣམས་བསད་མཁན། རང་ཉིད་ལ་བཏང་བའི་མི་རྣམས་ལ་རྡོ་བརྒྱབ་ནས་བསད་པའི་གྲོང་འཁྱེར། བྱ་མོས་རང་གི་བྱ་ཕྲུག་རྣམས་གཤོག་པའི་འོག་ཏུ་སྡུད་བ་ལྟར། ངས་ཐེངས་མང་ལོས་ཁྱེད་ཀྱི་བུ་ཕྲུག་རྣམས་བསྡུ་འདོད་དམ། འོན་ཀྱང་ཁྱེད་ལ་འདོད་པ་མི་འདུག 38 ལྟོས་ཤིག དཀོན་མཆོག་གིས་ཁྱེད་ཚོའ་ཁང་པ་དབྱུགས་བཞག་པ་རེད། ངས་ཁྱེད་ཚོར་ཟེར། 39 ད་ནས་བཟུང་ཁྱེད་ཚོས་ ‘ཡ་ཧོ་ཝཱའི་མཚན་ཐོག་ནས་ཕེབས་མཁན་ལ་བདེ་ལེགས་སྤེལ་བར་ཤོག’ ཅེས་ཟེར་བའི་སྐབས་མ་སླེབས་གོང་ཁྱེད་ཚོས་རྩ་བ་ནས་ང་མཐོང་མི་སྲིད།



