མད་ཐཱ་ལེའུ་ཉི་ཤུ་རྩ་བཞི་པ།

Matthew 24


1 ཡེ་ཤུ་མཆོད་ཁང་ནས་འཐོན་བའི་སྐབས་སུ་རྗེས་འབྲང་པ་རྣམས་ཀྱིས་མཆོད་ཁང་གི་ཁང་པ་རྣམས་ཁོང་ལ་བསྟན་པའི་ཆེད་དུ་ཡོང་། 2 ཡེ་ཤུས་ལན་དུ། “ཁྱེད་ཚོས་ཁང་པ་འདི་ཚོ་ཚང་མ་མི་མཐོང་ངམ། ངས་ཁྱེད་ཚོར་བདེན་པ་ཟེར། འདི་ཚོ་ཚང་མ་གཏོར་བཞིག་གཏོང་རྒྱུ་ཡོད་པ་དང་རྡོ་གཅིག་ཀྱང་རྡོའི་སྟེང་དུ་གནས་མི་སྲིད” ཅེས་གསུངས།

3 ཁོང་ཨོ་ལིབ་ཤིང་གི་རི་སྟེང་དུ་བཞུགས་དུས། རྗེས་འབྲང་པ་རྣམས་སྒེར་གྱིས་ཁོང་གི་རྩར་ཡོང་ནས།  “ང་ཚོར་གསུངས་དང་། དོན་དེ་ཚོ་ག་དུས་འབྱུང་ངམ།  ཡང་ཁྱེད་རང་གི་ཁྲི་བཞུགས་དང་ལམ་ལུགས་འདིའི་མཇུག་སྡུད་ཀྱི་དཔང་རྟགས་གང་ཡོད”ཅེས་དྲིས།

4 ཡེ་ཤུས་ལན་དུ། “ཁྱེད་ཚོ་མགོ་སྐོར་མ་ཐེབས་པར་གཟབ་གཟབ་བྱེད་དགོས། 5 གང་ཡིན་ཟེར་ན་མི་མང་པོས་ངའི་མིང་ཐོག་ནས་ཡོང་ནས་‘ང་ཁི་རི་སི་ཐོ་ཡིན’ཞེས་ཟེར་ནས་མི་མང་པོར་མགོ་སྐོར་གཏང་། 6 ཁྱེད་ཚོས་དམག་འཁྲུག་དང་དམའ་ཁྲུག་གི་གསར་འགྱུར་ཐོས་ངེས་ཡིན། དེ་ཚོ་ངེས་པར་དུ་འབྱུང་རྒྱུ་ཡིན་པས་ཁྱེད་ཚོ་ཞེད་སྣང་མ་སྐྱེ་བ་བྱེད་ཅིག འོན་ཀྱང་མཇུག་སྒྲིལ་ད་དུང་མི་སླེབ།

7 “མི་རིགས་དང་མི་རིགས། རྒྱལ་སྲིད་དང་རྒྱལ་སྲིད་ཕན་ཚུན་ཁ་གཏད་དུ་ལང་སྟེ། ས་ཆ་གཅིག་ནས་གཅིག་ཏུ་མུ་གེ་དང་ས་ཡོམ་འབྱུང་། 8 འདི་ཚོ་ཐམས་ཅད་ནི་སྐྱེ་ཟུག་གི་ཐོག་མ་དང་འདྲ་བ་ཡིན།

9 “སྐབས་དེར་མི་རྣམས་ཀྱིས་ཁྱེད་ཚོ་སྡུག་བསྔལ་མྱང་དུ་བཅུག་ལ་ཁྱེད་ཚོ་གསད། ངའི་མིང་གི་རྐྱེན་གྱིས་རྒྱལ་དམངས་ཚང་མས་ཁྱེད་ཚོར་སྡང་།  10 སྐབས་དེར་མི་མང་པོས་དད་པ་ཤོར་ནས་ཕན་ཚུན་རྒྱབ་གཏོད་བྱེད་ལ་ཕན་ཚུན་སྡང་། 11 སྔོན་ཤེས་པ་རྫུན་མ་མང་པོ་ཞིག་ལངས་ནས་ཁོ་ཚོས་མི་མང་པོ་ལམ་ནོར་དུ་འཁྲིད།   12 ཁྲིམས་འགལ་མང་དུ་འཕེལ་བས་མི་མང་ཆེ་བའི་བརྩེ་སེམས་ཉམས་པར་འགྱུར། 13 འོན་ཀྱང་མཐའ་མ་བར་དུ་རྒྱུན་འཁྱོངས་བྱེད་མཁན་ལ་ཐར་པ་འཐོབ་ངེས་ཡིན། 14 རྒྱལ་སྲིད་ཀྱི་གཏམ་བཟང་འདི་རྒྱལ་དམངས་ཐམས་ཅད་ལ་བདེན་དཔང་བྱེད་པའི་ཆེད་དུ་ས་གཞི་ཧྲིལ་པོར་ཁྱབ་སྤེལ་བྱེད་རྒྱུ་ཡོད། དེ་ནས་མཇུག་འགྲིལ་སླེབ་རྒྱུ་ཡིན།

15 སྔོན་ཤེས་པ་དཱ་ནི་ཨེལ་གྱིས་བཤད་པ་ལྟར་ ཉམས་རྒུད་བཟོ་བའི་ཞེ་སྡང་འོས་པ་ཞིག་དཀོན་མཆོག་གི་ས་ཆ་ལ་ལངས་ཡོད་པ་མཐོང་བྱུང་ན་  ཀློག་པ་པོས་དབྱེ་ཞིབ་ཀྱི་ནུས་པ་གཏོང་དགོས། 16 སྐབས་དེར་ཡ་ཧུ་དཱ་ཡུལ་ལ་སྡོད་མཁན་རྣམས་རི་ལ་བྲོས་དགོས།  17 ཐོག་ཁའི་སྟེང་དུ་ཡོད་པའི་མི་ཁང་པའི་ནང་གི་དངོས་པོ་ལེན་པའི་ཆེད་དུ་མར་འབབ་མི་ཆོག་ལ། 18 ཞིང་ཀར་ཡོད་པའི་མིས་ཀྱང་ཕྱི་གོས་ལེན་པའི་ཆེད་དུ་ཁང་པར་ལོག་མི་ཆོག   19 ཉིན་མོ་དེ་ཚོའི་རིང་ཕྲུ་གུ་འཁོར་བའི་བུད་མེད་དང་འོ་མ་སྤྲོད་པའི་ཨ་མ་རྣམས་ལ་ཆགས་སྒོ་ཡོང་ངེས།

20 ཁྱེད་ཚོ་དགུང་ག་ཡང་ན་ངལ་གསོ་བའི་ཉིན་མོར་བྲོས་བྱོལ་བྱེད་མི་དགོས་པའི་ཆེད་དུ་དུས་རྒྱུན་དུ་སྨོན་ལམ་འབུལ་ཞིག 21 སྐབས་དེར་འཛམ་གླིང་གི་ཐོག་མ་ནས་ད་ལྟ་བར་དུ་བྱུང་མ་མྱོང་ལ་རྗེས་སུའང་རྩ་བ་ནས་འབྱུང་མི་སྲིད་པའི་སྡུག་བསྔལ་ཆེན་མོ་ཞིག་ཡོད། 22 དོན་དངོས་ཐོག་ཉིན་མོ་དེ་ཚོ་ཐུང་དུ་མ་བཏང་ན་མི་སུ་ཞིག་ཀྱང་ཐར་མི་ཐུབ།  འོན་ཀྱང་བདམས་པའི་མི་རྣམས་ཀྱི་ཆེད་དུ་ཉིན་མོ་དེ་ཚོ་ཐུང་དུ་གཏང་རྒྱུ་ཡིན།

23 སྐབས་དེར་མི་ཞིག་གིས་ཁྱེད་ཚོར་‘ལྟོས་ཤིག འདིར་ཁི་རི་སི་ཐོ་འདུག’ ཡང་ན་ ‘ཕ་གིར་འདུག’ ཅེས་ཟེར་ན་ཡང་ཁྱེད་ཚོས་ཡིད་ཆེས་བྱེད་མི་ཆོག 24 གང་ཡིན་ཟེར་ན་ཁི་རི་སི་ཐོ་རྫུན་མ་དང་སྔོན་ཤེས་པ་རྫུན་མ་ལང་རྒྱུ་དང་། ཁོ་ཚོས་ཐ་ན་དཀོན་མཆོག་གིས་བདམ་པའི་མི་རྣམས་ཀྱང་ལམ་ནོར་དུ་འཁྲིད་ཐུབ་ན་བསམས་ནས་དཔང་རྟགས་ཆེན་པོ་དང་ཡ་མཚན་སྐྱེད་པའི་བྱ་སྤྱོད་སྤེལ་ངེས་རེད། 25 ལྟོས་ཤིག ངས་ཁྱེད་ཚོར་སྔོན་བརྡ་བཏང་པ་ཡིན། གལ་སྲིད་མི་རྣམས་ཀྱིས་‘ལྟོས་དང་། ཁོང་འབྲོག་སྟོང་ལ་འདུག’ ཅེས་ཟར་ན་ཡང་ཕར་འགྲོ་མི་ཆོག་ལ།  26 ཁོ་ཚོས་‘ལྟོས་དང་། ཁོང་ནང་ལོགས་ཀྱི་ཁང་མིག་ཏུ་བཞུགས་འདུག’ཅེས་ཟེར་ན་ཡང་ཡིད་ཆེས་བྱེད་མི་ཆོག  27  གློག་ཤར་ཕྱོགས་ནས་འགྱུག་པ་དེ་ནུབ་ཕྱོགས་སུ་འོད་འཕྲོ་བ་ལྟར་མིའི་བུ་གི་ཁྲི་བཞུགས་ཀྱི་ཉིན་མོ་ཡང་དེ་བཞིན་ཡིན། 28 གང་དུ་རོ་ཡོད་ན་དེར་བྱ་གློད་ཀྱང་འཛོམས་རྒྱུ་རེད།

29 ཉིན་མོ་དེ་ཚོའི་སྡུག་བསྔལ་འབྱུང་མ་ཐག་ཏུ་ཉི་མ་མུན་ནག་ཏུ་འགྱུར་ཞིང་ཟླ་བ་ཡང་འོད་མི་འཕྲོ། སྐར་མ་གནམ་ནས་ཟགས་ནས་གནམ་གྱི་ནུས་མཐུ་རྣམས་གཡོ་འགུལ་ཐེབས་ངེས་རེད། 30 སྐབས་དེར་ནམ་མཁར་མིའི་བུ་གི་རྟགས་མཚན་མངོན་པས་ས་གཞི་ཡོངས་ཀྱི་རུས་རྒྱུད་ཚང་མས་སྐྱོ་སྣང་སྐྱེད་ཅིང་རང་ལུས་རྡུང་། ཁོ་ཚོས་ནམ་མཁའི་སྦྲིན་པའི་སྟེང་དུ་མིའི་བུ་ནུས་མཐུ་དང་གཟི་བརྗིད་ཆེན་པོ་ལྡན་ཞིང་ཡོང་གི་ཡོད་པ་མཐོང་ངེས་ཡིན།  31 ཁོང་གིས་དུང་སྐད་ཆེན་པོའི་ཁྲོད་དུ་རང་གི་ཕོ་ཉ་རྣམས་གཏང་ལ། ཁོང་ཚོས་གནམ་གྱི་མཐའ་གཅིག་ནས་གནམ་གྱི་མཐའ་གཞན་པ་གཅིག་བར་དུ་ཕྱོགས་བཞི་ཚང་མ་ནས་དཀོན་མཆོག་གིས་བདམ་པའི་མི་རྣམས་བསྡུ་ངེས་ཡིན།

32 ཁྱེད་ཚོས་མེ་ཏོག་གསང་ཤིང་གི་དཔེ་ནས་གནད་དོན་འདི་སྦྱངས་དང་། ཤིང་གི་ཡལ་ག་གསར་པ་མཉེན་པོར་གྱུར་ནས་ལོ་མ་སྐྱེས་མ་ཐག་ཁྱེད་ཚོས་དབྱར་ཀ་ཐག་ཉེ་རུ་ཡོང་གི་ཡོད་པ་ཤེས། 33 དེ་ལྟར་ཁྱེད་ཚོས་དོན་དག་དེ་ཚོ་ཚང་མ་མཐོང་སྐབས་ཁོང་ཐག་ཉེ་རུ་ཕེབས་ནས་སྒོའི་མདུན་དུ་ཡོད་པ་ཤེས་དགོས། ངས་ཁྱེད་ཚོར་བདེན་པ་ཟེར། 34 དོན་འདི་དག་ཚང་མ་མ་འབྱུང་གོང་མི་རབས་འདི་རྩ་བ་ནས་འདས་མི་སྲད། 35 གནམ་ས་གཉིས་འདས་རྒྱུ་ཡོད་ཀྱང་ངའི་གཏམ་ནི་ནམ་ཡང་འདས་མི་སྲིད།

36 ཉིན་མོ་དང་ཆུ་ཚོད་དེའི་སྐོར་མི་སུས་ཀྱང་མི་ཤེས། ནམ་མཁའི་ཕོ་ཉ་རྣམས་ཀྱང་མི་ཤེས་ལ་སྲས་ཀྱང་མི་ཤེས། ཡབ་ཁོ་ནས་མཁྱེན་གྱི་ཡོད། 37 མིའི་བུ་གི་ཁྲི་བཞུགས་ནི་ནོ་ཨཱ་གི་ཉིན་མོ་དང་འདྲ་པོ་རེད། 38 ཆུ་ལོག་མ་བྱུང་གོང་གི་ཉིན་མོ་དེ་ཚོའི་རིང་། ནོ་ཨཱ་སྒམ་གྲུའི་ནང་དུ་འཛུལ་བའི་ཉིན་མོའི་བར་དུ་མི་རྣམས་ཀྱིས་བཟས་པ་དང་བཏུངས་པ། གནའ་མ་ལེན་པ་དང་གནའ་མར་ཕྱིན་པ་བཅས་བྱས་བཞིན་ཡོད་པ་རེད། 39 ཆུ་ལོག་ཡོང་ནས་ཁོ་ཚོ་ཚང་མ་མ་བདས་པའི་བར་དུ་ཁོ་ཚོས་དོ་སྣང་སྤུ་ཙམ་མ་བྱས། མིའི་བུ་གི་ཁྲི་བཞུགས་ཀྱི་རིང་ཡང་དེ་བཞིན་ཡིན། 40 སྐབས་དེར་སྐྱེས་པ་གཉིས་ཞིང་ཀར་ཡོད་དེ། གཅིག་ཕར་འཁྲིད་འགྲོ་ཞིང་གཞན་པ་གཅིག་དབྱུགས་གཞག་རྒྱུ་རེད། 41 བུད་མེད་གཉིད་ཀྱིས་མཆིག་གཅིག་སྐོར་གྱི་ཡོད་དེ། གཅིག་འཁྲིད་འགྲོ་ཞིང་གཞན་པ་གཅིག་དབྱུགས་གཞག་རྒྱུ་རེད། 42 དེ་ལྟར་ཡིན་པས་ཁྱེད་ཚོས་རྒྱུན་ཆད་མེད་པར་ལྟ་སྲུང་བྱེད་དགོས། གང་ཡིན་ཟེར་ན་ཁྱེད་ཚོས་རང་གི་གཙོ་བོ་ཉི་མ་ག་དུས་སླེབས་རྒྱུ་ཡོད་པ་དེ་ཤེས་ཀྱི་མེད།

43 ཡིན་ན་ཡང་ཁྱེད་ཚོས་དོན་དག་གཅིག་ཤེས་དགོས། གལ་སྲིད་ཁྱིམ་བདག་གིས་མཚན་མོའི་ལྟ་སྲུང་གི་ཚུ་ཚོད་གང་ཞིག་དུ་རྐུན་མ་འཛུལ་ཡོང་བ་ཤེས་པ་ཡིན་ན་ཁོང་ཉིད་མ་ཁུག་པར་བསྡད་ནས་རྐུན་མ་ཁང་པར་འཛུལ་མ་བཙུག 44 དེ་ལྟར་ཡིན་པས་ཁྱེད་ཚོས་ཀྱང་རང་ཉིད་གྲ་སྒྲིག་བྱས་ཡོད་པ་མཚོན་ཞིག མིའི་བུ་ཁྱེད་ཚོའི་བསམ་ཡུལ་ལས་འདས་པའི་དུས་ཚོད་ལ་སླེབ་རྒྱུ་རེད།

45 བདག་པོས་ཁོང་གི་གཡོག་པོ་རྣམས་ལ་འོས་འཚམས་གྱི་དུས་ཐོག་ཏུ་བཟས་རིགས་སྤྲོད་པའི་ཆེད་དུ་ཁོ་ཚོའི་ཁོང་དུ་བསྐོས་པའི་བློས་འགེལ་ཆོག་པ་དང་བློ་གྲོས་ལྡན་པའི་གཡོག་པོ་དེ་ཡང་སྙིང་སུ་ཡིན་ནམ། 46 བདག་པོ་སླེབས་ནས་གཡོག་པོ་དེས་དེ་ལྟར་བྱེད་བཞིན་ཡོད་པ་མཐོང་ན་གཡོག་པོ་དེར་བདེ་སྐྱིད་ལྡན། 47 ངས་ཁྱེད་ཚོར་བདེན་པ་ཟེར། བདག་པོས་གཡོག་པོ་དེ་བསྐོས་ནས་ཁོང་གི་རྒྱུ་ནོར་ཚང་མ་དོ་དམ་བྱེད་དུ་འཇུག

48 འོན་ཀྱང་གལ་སྲིད་གཡོག་པོ་དེ་ངན་པ་ཡིན་ཏེ་ཁོས་སེམས་ནང་དུ་  ‘བདག་པོ་མགྱོགས་པོ་དེ་འདྲར་སླེབ་མི་སྲིད’ 49 ཅེས་བསམས་ནས་གཡོག་པོ་གཞན་དག་རྡུང་ཞིང་ར་བཟི་མཁན་དང་མཉམ་དུ་ཟ་འཐུང་བྱས་པ་ཡིན་ན། 50 ཁོའི་བདག་པོ་ནི་གཡོག་པོ་དེའི་བསམ་ཡུལ་ལས་འདས་པའི་ཉིན་མོ་དང་ཁོས་བསམ་བློ་སྐོར་མྱོང་མེད་པའི་དུས་ཚོད་ལ་སླེབས་ནས་ 51 ཁོ་ལ་ཆད་པ་ལྗིད་ཤོས་གཏང་ལ། ཁོའི་གནས་འབབ་ཚུལ་འཆོད་མཁན་དང་གཅིག་པ་ཡོང་གི་རེད། དེར་ཁོས་ངུ་ཞིང་ཨམ་ཆིག་རྒྱག་གི་རེད།