མད་ཐཱ་ལེའུ་ཉི་ཤུ་རྩ་ལྔ་པ།

Matthew 25


1 སྐབས་དེར་ནམ་མཁའི་རྒྱལ་སྲིད་ནི་སྣུམ་བཞུ་འཁྱེར་ནས་མག་པ་བསུ་བའི་ཆེད་དུ་ཕྱན་པའི་གཞོན་ནུ་མ་བཅུ་དང་འདྲ་པོ་རེད། 2 གཞོན་ནུ་མ་བཅུ་ནང་ནས་ལྔ་གླེན་པོ་ཡིན་པ་དང་། གཞན་ལྔ་བློ་གྲོས་ཅན་ཡིན། 3 གཞོན་ནུ་མ་གླེན་པོ་རྣམས་ཀྱིས་སྣུམ་བཞུ་བླངས་ཀྱང་སྣུམ་མ་འཁྱེར། 4 བློ་གྲོས་ཅན་གྱི་གཞོན་ནུ་མ་རྣམས་ཀྱིས་སྣུམ་བཞུ་དང་མཉམ་དུ་སྣམ་ཡང་བུམ་པའི་ནང་དུ་བླུགས་ནས་ཕྱིན། 5 མག་པ་འགོར་བའི་རིང་གཞོན་ནུ་མ་དེ་ཚོ་ཚང་མ་གཉིད་ཁུག་སོང་། 6 མཚན་དགུང་དུ་ ‘མག་པ་སླེབས་སོང་། ཁོང་བསུ་བར་འཐོན་ཤོག’ ཅེས་འབོད་སྐད་ཐོས་པས། 7 གཞོན་ནུ་མ་ཚང་མ་ཡར་ལངས་ནས་སྣུམ་བཞུ་གྲ་སྒྲིག་བྱས། 8 གཞོན་ནུ་མ་གླེན་པོ་རྣམས་ཀྱིས་བུ་མོ་བློ་གྲོས་ཅན་རྣམས་ལ། ‘ང་ཚོར་སྣུམ་ཅིག་སྤྲོད་དང་། ང་ཚོའི་སྣུམ་བཞུ་མགྱོགས་པོ་ཟད་འགྲོ་གི་འདུག’ ཅེས་བཤད། 9 གཞོན་ནུ་མ་བློ་གྲོས་ཅན་རྣམས་ཀྱིས་ལན་དུ། ‘ཕལ་ཆེར་ང་ཚོ་ཚང་མར་འདང་གི་མ་རེད། ཁྱེད་ཚོས་སྣུམ་འཚོང་སར་ཕྱིན་ནས་སོ་སོའི་སྣུམ་ཉོས་དང’ ཞེས་བཤད། 10 གཞོན་ནུ་མ་དེ་ཚོ་ལྔ་སྣུམ་ཉོ་བའི་ཆེད་དུ་ཕྱིན་པའི་རྗེས་སུ་མག་པ་སླེབས་པ་དང་། གྲ་སྒྲིག་བྱས་ཚར་བའི་གཞོན་ནུ་མ་རྣམས་གཉེན་སྒྲིག་གསོལ་སྟོན་ལ་ཞུགས་པའི་ཆེད་དུ་ཁོང་དང་མཉམ་དུ་ནང་ལ་འཛུལ། དེ་ནས་མིས་སྒོ་བརྒྱབ་པ་རེད། 11 རྗེས་སུ་གཞོན་ནུ་མ་གཞན་རྣམས་ཀྱང་སླེབས་ནས་ ‘གཙོ་བོ་ལགས། གཙོ་བོ་ལགས། སྒོ་ཕྱེ་དང’ཞེས་བཤད། 12 མག་པས་ལན་དུ། ‘ངས་ཁྱེད་ཚོར་བདེན་པ་ཟེར། ངས་ཁྱེད་ཚོ་ང་ཤེས་ཀྱི་མེད’

13 དེ་ལྟར་ཡིན་པས་ཁྱེད་ཚོས་རྒྱུན་ཆད་མེད་པར་ལྟ་སྲུང་བྱེད་དགོས། གང་ཡིན་ཟེར་ན་ཁྱེད་ཚོས་དེའི་ཉིན་མོ་དང་ཆུ་ཚོད་ཤེས་ཀྱི་མེད།

14 འདི་ནི་མི་ཞིག་གིས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་དུས་སྔོན་ལ་གཡོག་པོ་རྣམས་བོས་ནས་ཁོང་གི་རྒྱུ་ནོར་ཁོ་ཚོར་གཏད་པ་དང་འདྲ་པོ་རེད།

15 མི་དེས་གཡོག་པོ་རེ་རེའི་འཇོན་ཐང་ལ་གཞིགས་ནས་གཅིག་ལ་དངུལ་སྒོར་ཁྲི་གསུམ། གཞན་པ་གཅིག་ལ་དངུལ་སྒོར་ཁྲི་གཅིག་དང་ཉི་སྟོང་། ཡང་གཞན་ཞིག་ལ་དངུལ་སྒོར་དྲུག་སྟོང་བསྤྲད་ནས་ཕྱི་རྒྱལ་དུ་ཕྱིན།  16 དངུལ་སྒོར་ཁྲི་གསུམ་ཐོབ་པའི་གཡོག་པོ་ནི་དེ་ལེན་མ་ཐག་ཚོང་རྒྱག་པའི་ཆེད་དུ་ཕྱིན་ནས་ད་དུང་ཁྲི་གསུམ་རག་པ་རེད། 17 དེ་བཞིན་དུ་དངུལ་སྒོར་ཁྲི་གཅིག་དང་ཉི་སྟོང་ཐོབ་པའི་གཡོག་པོས་ཀྱང་ད་དུང་ཁྲི་གཅིག་དང་ཉི་སྟོང་རག 18 འོན་ཀྱང་དངུལ་སྒོར་དྲུག་སྟོང་ཙམ་ཐོབ་པའི་གཡོག་པོ་ནི་ཕར་ཕྱིན་ནས་ས་ལ་ཁུང་ཞིག་དྲུས་པ་དང་། བདག་པོའི་དངུལ་དེར་སྦས་པ་རེད།

19 དུས་ཡུན་རིང་པོ་ཕྱིན་པའི་རྗེས་སུ་གཡོག་པོ་རྣམས་ཀྱི་བདག་པོ་ལོག་ཡོང་ནས་ཁོ་ཚོ་དང་རྩིས་བརྒྱབ། 20 དངུལ་སྒོར་ཁྲི་གསུམ་ཐོབ་མཁན་གྱིས་དངུལ་སྒོར་གཞན་ཁྲི་ལྔ་ཡང་འཁྱེར་ནས་ཡོང་བ་དང་། ‘བདག་པོ་ལགས། ཁྱེད་རང་གིས་ང་ལ་དངུལ་སྒོར་ཁྲི་གསུམ་གཏད་བྱུང་། གཟིགས་དང་། ངས་ད་དུང་དངུལ་སྒོར་ཁྲི་གསུམ་རག་བྱུང’ ཞེས་བཤད། 21 བདག་པོས་ཁོ་ལ། ‘ཡག་པོ་བྱས་སོང་། བཟང་པོ་དང་བློ་འཁེལ་ཆོག་པའི་གཡོག་པོ།  ཁྱོད་ཀྱིས་དོན་དག་ཉུང་ངུའི་ཐོག་ཏུ་བློ་འཁེལ་ཆོག་པའི་ལས་ཀ་བྱས་པས། ངས་ཁྱོད་མངགས་ནས་དོན་དག་མང་པོ་དོ་དམ་བྱེད་དུ་འཇུག བདག་པོ་ང་དང་མཉམ་དུ་དགའ་སྤྲོ་བྱེད་དང’ ཞེས་བཤད།  22 དེ་ནས་དངུལ་སྒོར་ཁྲི་གཅིག་དང་ཉི་སྟོང་ཐོབ་མཁན་ཡོང་ནས། ‘བདག་པོ་ལགས། ཁྱེད་རང་གིས་ང་ལ་དངུལ་སྒོར་ཁྲི་གཅིག་དང་ཉི་སྟོང་གཏད་བྱུང་། གཟིགས་དང་། ངས་ད་དུང་དངུལ་སྒོར་ཁྲི་གཅིག་དང་ཉི་སྟོང་རག་བྱུང’ ཞེས་བཤད། 23 བདག་པོས་ཁོ་ལ། ‘ཡག་པོ་བྱས་སོང་། བཟང་པོ་དང་བློ་འཁེལ་ཆོག་པའི་གཡོག་པོ།  ཁྱོད་ཀྱིས་དོན་དག་ཉུང་ངུའི་ཐོག་ཏུ་བློ་འཁེལ་ཆོག་པའི་ལས་ཀ་བྱས་པས། ངས་ཁྱོད་མངགས་ནས་དོན་དག་མང་པོ་དོ་དམ་བྱེད་དུ་འཇུག བདག་པོ་ང་དང་མཉམ་དུ་དགའ་སྤྲོ་བྱེད་དང’ ཞེས་བཤད།

24 མཐའ་མར་དངུལ་སྒོར་དྲུག་སྟོང་ཐོབ་པའི་གཡོག་པོ་ཡོང་ནས། ‘བདག་པོ་ལགས། ངས་ཁྱེད་རང་མི་དྲག་པོ་ཡིན་པ་དང་། ས་བོན་བཏབ་མེད་པའི་ས་ཆ་ནས་ཀྱང་རྔ་བ་དང་། གཡུལ་ལས་བཏང་མེད་པའི་ས་ཆ་ནས་བསྡུ་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། 25 ང་ཞེད་སྣང་སྐྱེས་པས་ཕར་ཕྱིན་ནས་ཁྱེད་རང་གི་དངུལ་སྒོར་ས་འོག་ཏུ་སྤས་པ་ཡིན། འདིར་ཁྱེད་རང་གི་སྒོར་མོ་ཡོད’ 26 བདག་པོས་ལན་དུ། ‘གཡོག་པོ་ངན་པ་ལེ་ལོ་ཅན་ཁྱོད། ཁྱོད་ཀྱིས་ངས་ས་བོན་བཏབ་མེད་པའི་ས་ཆ་ནས་རྔ་བ་དང་།   གཡུལ་ལས་བཏང་མེད་པའི་ས་ཆ་ནས་བསྡུ་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད་ཅེས་ཟེར། 27 འོ་ན་ཁྱེད་ཀྱིས་དངུལ་ཁང་ལ་ངའི་དངུལ་བཞག་དགོས་པ་ཡིན། དེ་ལྟར་བྱས་ཡོད་ན་ང་སླེབས་དུས་ངས་མ་དངུལ་དང་སྐྱེས་ཀ་མཉམ་དུ་ཕྱིར་བླངས་པ་རེད།

28 ད་ཁྱེད་ཚོས་མི་འདི་ནས་དངུལ་སྒོར་བླངས་ནས་དངུལ་སྒོར་ཁྲི་དྲུག་ཡོད་མཁན་ལ་སྟེར་ཞིག 29 སུ་ལ་ཡོད་ན་མི་དེར་དེ་བས་མང་བ་ཐོབ་ནས་འབེལ་པོ་བྱུང་གི་རེད། ཡིན་ན་ཡང་སུ་ལ་མེད་ན་ཁོང་ལ་གང་ཡོད་པ་དེ་ཡང་ཤོར། 30 ཕན་མེད་ཀྱི་གཡོག་པོ་འདི་ཕྱི་ལོགས་ཀྱི་མུན་ནག་ནང་དུ་དབྱུགས་ཤིག དེར་ཁོས་ངུ་ཞིང་སོ་གྲ་སྒྲིག་གི་རེད’

31 མིའི་བུ་ཁོང་གི་གཟི་བརྗིད་ནང་དུ་ལྷའི་ཕ་ཉ་ཐམས་ཅད་དང་མཉམ་དུ་སླེབས་སྐབས་ཁོང་གཟི་བརྗིད་ལྡན་པའི་ཁྲི་ལ་བཞུགས། 32 རྒྱལ་དམངས་ཐམས་ཅད་ཁོང་གི་མདུན་དུ་བསྡུད། ལུག་རྫི་གིས་ར་རྣམས་ལས་ལུག་རྣམས་ཁ་ཕྲལ་བ་ལྟར་ཁོང་གིས་མི་རྣམས་སོ་སོར་ཁ་ཕྲལ། 33 དེ་ནས་ལུག་རྣམས་ཁོང་གི་གཡས་ཕྱོགས་དང་། ར་རྣམས་ཁོང་གི་གཡོན་ཕྱོགས་སུ་གཞག

34 དེ་ནས་རྒྱལ་པོས་ཁོང་གི་གཡས་ཕྱོགས་སུ་ཡོད་མཁན་ལ། ‘ངའི་ཡབ་ནས་བདེ་ལེགས་སྤེལ་བའི་མི་རྣམས། ཁྱེད་ཚོ་ཤོག་དང་། འཛམ་གླིང་གི་རྨང་གཞི་བཙུགས་པ་ནས་བཟུང་ཁྱེད་ཚོའི་ཆེད་དུ་གྲ་སྒྲིག་གནང་ཡོད་པའི་རྒྱལ་སྲིད་རྒྱུད་འཛིན་བྱེད་དང་། 35 གང་ཡིན་ཟེར་ན་ཁྱེད་ཚོས་ང་ལྟོགས་དུས་ཟས་སྟེར་བ་དང་། ཁ་སྐོམ་དུས་བཏུངས་ཆ་སྟེར་བྱུང་། ང་ངོ་མ་ཤེས་པ་ཡིན་དུས་ཁྱེད་ཚོས་ང་སྣེ་ལེན་བྱས་པ་དང་། 36 གོས་མེད་དུས་གོས་སྟེར་བྱུང་། ང་ན་དུས་ལྟ་རྟོག་བྱས་པ་དང་། བཙོན་ཁང་ལ་བསྡད་དུས་མཇལ་བར་ཡོང་བྱུང’ ཞེས་གསུང་།  37 སྐབས་དེར་མི་དྲང་པོ་རྣམས་ཀྱིས་ལན་དུ། ‘གཙོ་བོ་ལགས། ང་ཚོས་ག་དུས་ཁྱེད་རང་ལྟོགས་པ་མཐོང་ནས་ཟས་ཕུལ་པ་དང་།  ཁ་སྐོམ་པ་མཐོང་ནས་བཏུངས་ཆ་ཕུལ་ལམ། 38 ག་དུས་ཁྱེད་རང་ངོ་མ་ཤེས་པ་ཡིན་དུས་སྣེ་ལེན་ཞུས་པ་དང་ཁྱེད་རང་ལ་གོས་མེད་པ་མཐོང་ནས་གོས་ཕུལ་ལམ། 39 ག་དུས་ཁྱེད་རང་ན་བ་ཡང་ན་བཙོན་ཁང་ནང་དུ་ཡོད་པ་ཤེས་ནས་ཁྱེད་རང་མཇལ་བར་ཡོང་ངམ’ ཞེས་ཟེར། 40 རྒྱལ་པོས་ལན་དུ་ཁོ་ཚོར། ‘ངས་ཁྱེད་ཚོར་བདེན་པ་ཟེར། ཁྱེད་ཚོས་ངའི་སྤུན་ཟླ་ཆུང་ཤོས་དེ་ཚོའི་ནང་ནས་གཅིག་ལ་དེ་ལྟར་བྱས་པ་ནི་ང་ལ་བྱས་པ་དང་གཅིག་པ་ཡིན’ཞེས་གསུང་།

41 དེ་ནས་རྒྱལ་པོས་གཡོན་ཕྱོགས་ཡོད་མཁན་ལ་ ‘གནོད་འཚེ་ཕོག་རྒྱུའི་གཏན་འབེབས་བྱུང་བའི་མི་རྣམས། ང་དང་བྲལ་ནས་ཕར་རྒྱུགས་ཤིག་ལ།  བདུད་དང་ཁོའི་ཕ་ཉ་རྣམས་ཀྱི་ཆེད་དུ་གྲ་སྒྲིག་བྱས་པའི་དུས་ནམ་ཡང་འབར་བའི་མེའི་ནང་དུ་འཛུལ་ཞིག 42 གང་ཡིན་ཟེར་ན་ང་ལྟོགས་དུས་ཁྱོད་ཚོས་ཟས་མ་སྟེར། ཁ་སྐོམ་དུས་ཀྱང་བཏུངས་ཆ་མ་སྟེར། 43 ང་ངོ་མ་ཤེས་པ་ཡིན་དུས་ཁྱོད་ཚོས་སྣེ་ལེན་བྱས་མ་བྱུང་། གོས་མེད་དུས་གོས་མ་སྟེར་ལ། ང་ན་དུས་དང་བཙོན་ཁང་ལ་བསྡད་དུས་ཁྱོད་ཚོས་ང་ལ་ལྟ་རྟོགས་བྱས་མ་བྱུང’ཞེས་གསུང་། 44 སྐབས་དེར་ཁོ་ཚོས་ཀྱང་ལེན་དུ། ‘གཙོ་བོ་ལགས། ང་ཚོས་ག་དུས་ཁྱེད་རང་ལྟོགས་པ་དང་སྐོམ་པ། ངོ་མ་ཤེས་པ། གོས་མེད་པ། ན་བ། བཙོན་ཁང་ནང་དུ་ཡོད་པ་བཅས་མཐོང་ནས་ཁྱེད་རང་ལ་ཞབས་ཕྱི་མ་ཞུས་སམ’ཞེས་ཟེར།  45 སྐབས་དེར་རྒྱལ་པོས་ལན་དུ་ཁོ་ཚོར། ‘ངས་ཁྱོད་ཚོར་བདེན་པ་ཟེར། ཁྱོད་ཚོས་ངའི་སྤུན་ཟླ་ཆུང་ཤོས་དེ་ཚོའི་ནང་ནས་གཅིག་ལ་དེ་ལྟར་མ་བྱས་པ་ནི་ང་ལ་ཡང་མ་བྱས་པ་དང་གཅིག་པ་ཡིན’ ཞེས་གསུང་། 46 མི་དེ་ཚོ་དུས་ནམ་ཡང་མེད་པར་འགྱུར་ཞིང་། དྲང་བདེན་གྱི་མི་རྣམས་ལ་དུས་ནམ་ཡང་གི་ཚེ་སྲོག་འཐོབ”