མད་ཐཱ་ལེའུ་ཉི་ཤུ་རྩ་དྲུག་པ།

Matthew 26


1 ཡེ་ཤུས་གཏམ་འདི་ཚོ་ཚང་མ་གསུངས་ཚར་བའི་རྗེས་སུ་རྗེས་འབྲང་པ་རྣམས་ལ། 2 “ཁྱེད་ཚོས་ཤེས་པ་ལྟར་ཉི་མ་གཉིས་རྗེས་ལ་ཐར་གྲོལ་དུས་ཆེན་ཡོད། མིའི་བུ་ཀ་བའི་སྟེང་དུ་སྲོག་གཅོད་གཏང་བའི་ཆེད་དུ་མི་ལ་གཏད་རྒྱུ་རེད”ཅེས་གསུངས།

3 སྐབས་དེ་དུས་མཆོད་དཔོན་གཙོ་བོ་རྣམས་དང་མི་དམངས་གྱི་རྒན་རབས་རྣམས་ནི་མིང་ལ་ཀ་ཡ་ཧྥ་ཟེར་བའི་མཆོད་དཔོན་ཆེན་མོའི་ཁང་པའི་ར་སྐོར་ནང་དུ་འཛོམས། 4 ཁོ་ཚོས་ཐབས་ཤེས་བཏང་ནས་ཡེ་ཤུ་འཇུ་བ་དང་གསད་པའི་ཆེད་དུ་ཇུས་ངན་བཤོམས། 5 འོན་ཀྱང་ཁོ་ཚོས་ “དུས་ཆེན་གི་རིང་ལ་བྱ་སྤྱོད་སྤེལ་མི་ཆོག མི་མང་གི་ཁྲོད་དུ་ཟིང་ཆ་ལང་སྲིད”ཅེས་བཤད།

6 ཡེ་ཤུ་གྲོང་སེབ་པེ་ཐཱ་ནི་གི་མཛེ་ནད་ཅན་གྱི་མི་སི་མོན་གྱི་ཁང་པའི་ནང་དུ་བཞུགས་སྐབས། 7 བུད་མེད་ཅིག་གིས་རིན་གོང་ཆེ་བའི་སྣུམ་དྲི་ཞིམ་བླུགས་པའི་རྡོ་དཀར་པོའི་བུམ་པ་འཁྱེར་ནས་གསོལ་སྟོན་དུ་བཞུགས་པའི་ཡེ་ཤའི་རྩ་ལ་ཡོང་བ་དང་། སྣུམ་དེ་ཡེ་ཤུའི་དབུ་སྟེང་དུ་སླུགས། 8 རྗེས་འབྲང་པ་རྣམས་ཀྱིས་དེ་མཐོང་སྐབས་ཚིག་པ་བཟས་ནས་“སྣུམ་དེ་འཕྲོ་བརླག་བཏང་བ་གང་ཡན། 9 འདི་གོང་ཆེན་པོར་བཙོངས་ནས་མི་དབུལ་པོ་རྣམས་ལ་བྱིན་པ་བཏང་ཐུབ་པ་རེད”

ཅེས་བཤད། 10 ཡེ་ཤུས་དེ་མཁྱེན་ནས་ཁོ་ཚོར། “ཁྱེད་ཚོས་བུད་མེད་འདིར་དཀའ་པོ་བཟོ་བ་གང་ཡིན། ཁོ་མོས་ང་ལ་བཟང་སྤྱོད་བྱས་པ་རེད། 11 མི་དབུལ་པོ་རྣམས་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད་ཀྱང་ང་ནི་དུས་རྟག་ཏུ་མི་སྡོད། 12 ཁོ་མོས་སྣུམ་དྲི་ཞིམ་འདི་ངའི་ལུས་སྟེང་དུ་བྱུག་པ་ནི་ང་དུར་ཁང་དུ་གཞག་པའི་གྲ་སྒྲིག་བྱས་པ་རེད། 13 ངས་ཁྱེད་ཚོར་བདེན་པ་ཟེར། འཛམ་གླིང་ཡོངས་སུ་ས་ཆ་གང་དུ་གཏམ་བཟང་འདི་ཁྱབ་སྤེལ་བྱེད་ན་ཡང་མི་རྣམས་ཀྱིས་བུད་མེད་འདིས་བྱས་པའི་བྱ་བ་ཡང་བཤད་ནས་ཁོ་མོ་དྲན་གསོ་གི་རེད”

14 སྐབས་དེར་བཅུ་གཉིས་པོ་ནང་ནས་ཀེ་རི་ཡོ་ཐོའི་མི་ཡུ་དཱ་ཟེར་བ་ཞིག་གིས་མཆོད་དཔོན་གཙོ་བོ་རྣམས་ཀྱི་མདུན་དུ་ཕྱིན་ནས། 15 “ངས་ཡ་ཤུ་ལ་རྒྱབ་གཏོད་བྱས་ནས་ཁྱེད་ཚོར་གཏད་ན་ཁྱེད་ཚོས་ང་ལ་གང་སྟེར་རམ” ཞེས་དྲིས། ཁོ་ཚོས་དངུལ་སུམ་བཅུ་སྟེར་བའི་ཁ་ཆད་བྱས། 16 སྐབས་དེ་ནས་བཟུང་ཡུ་དཱ་ཡིས་ཡེ་ཤུ་ཁོ་ཚོའི་ལག་དུ་སྤྲོད་རྒྱུའི་གོ་སྐབས་བཙལ།

17 སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་ཉིན་དང་པོར་རྗེས་འབྲང་པ་རྣམས་ཀྱིས་ཡོང་ནས་ཡེ་ཤུ་ལ། “ང་ཚོས་ཐར་གྲོལ་དུས་ཆེན་གྱི་དགོང་ཟས་གང་དུ་གྲ་སྒྲིག་བྱེད་དགོས” ཞེས་དྲིས། 18 ཁོང་གིས་ “ཁྱེད་ཚོ་གྲོང་འཁྱེར་དུ་འཛུལ་ནས་མི་ག་ཀེ་མོ་བཙལ་ནས་ཁོ་ལ་འདི་ལྟར་ཤོད་དང་། ‘རྒན་ལགས་ཀྱིས་ “ངའི་དུས་ལ་འབབ་འདུག” ངས་རྗེས་འབྲང་པ་དང་མཉམ་དུ་ཁྱེད་རང་གི་ཁང་པའི་ནང་ལ་ཐར་གྲོལ་དུས་ཆེན་སྲུང་བརྩི་ཞུ་གི་ཡིན” ཞེས་གསུངས་འདུག’ ” 19 རྗེས་འབྲང་པ་རྣམས་ཀྱིས་ཡེ་ཤུའི་བཀའ་ལྟར་ཐར་གྲོལ་དུས་ཆེན་གྱི་གྲ་སྒྲིག་བྱས།

20 དགོང་མོ་སླེབས་སྐབས་ཡེ་ཤུ་རྗེས་འབྲང་པ་བཅུ་གཉིས་པོ་དང་མཉམ་དུ་དགོང་ཟས་ལ་བཞུགས། 21  ཁོང་ཚོས་བཟས་སྐབས་ཡེ་ཤུས། “ངས་ཁྱེད་ཚོར་བདེན་པ་ཟེར། ཁྱེད་ཚོ་ལས་མི་གཅིག་གིས་ང་ལ་རྒྱབ་གཏོད་བྱེད་གི་རེད” ཅེས་གསུངས། 22 རྗེས་འབྲང་པ་རྣམས་སེམས་ཧ་ཅང་སྐྱོ་པོ་བྱུང་བས་མི་རེ་རེས་ཁོང་ལ། “གཙོ་བོ་ལགས། ང་ཡིན་སྲིད་ཀྱི་མ་རེད” ཅེས་བཤད། ཡེ་ཤུས་ལན་དུ། 23 “ང་དང་མཉམ་དུ་ཕོར་པ་གཅིག་ནང་ནས་ཟ་མཁན་ནི་ང་ལ་རྒྱབ་གཏོད་བྱེད་མཁན་ཡིན། 24 གསུང་རབ་ལ་བཀོད་པ་ལྟར་མིའི་བུ་འགྲོ་དགོས་ཀྱང་མིའི་བུ་ལ་རྒྱབ་གཏོད་བྱེད་མཁན་ལ་ཆགས་སྒོ་བྱུང་ངེས། མི་དེ་སྐྱེས་པ་ལས་མ་སྐྱེས་ན་ལེགས” ཞེས་གསུངས། 25 ཁོང་ལ་རྒྱབ་གཏོད་བྱས་རྩིས་ཡོད་པའི་ཡུ་དཱ་ཡིས་ “རྒན་ལགས། ང་ཡིན་སྲིད་ཀྱི་རེད་དམ” ཅེས་བཤད། ཡེ་ཤུས་ཁོ་ལ། “ཁྱེད་རང་གིས་ཤེས་གསལ་རེད” ཅེས་གསུངས།

26 ཁོང་ཚོས་བཟས་བཞིན་པའི་སྐབས་སུ་ཡེ་ཤུས་བག་ལེབ་ཞིག་བླངས་ནས་སྨོན་ལམ་ཕུལ་བ་དང་། དེ་དུམ་བུར་བགོས་ནས་རྗེས་འབྲང་པ་རྣམས་ལ་སྤྲད། ཁོང་གིས།  “ཁྱེད་ཚོས་འདི་བླངས་ནས་ཟོ་དང་། འདི་ནི་ངའི་ལུས་པོའི་མཚོན་བྱེད་ཡིན” ཞེས་གསུངས། 27 དེ་ནས་ཁོང་གིས་ཕོར་པ་བླངས་ནས་བཀའ་དྲིན་ཆེ་ཞུ་བའི་སྨོན་ལམ་ཕུལ་བ་དང་། ཁོ་ཚོར་སྤྲད་ནས། “ཁྱེད་ཚོ་ཚང་མས་འདི་ནས་འཐུངས་ཤིག 28 འདི་ནི་ངའི་‘ཞལ་ཆད་ཀྱི་ཁྲག’ གི་མཚོན་བྱེད་ཡིན། དེ་ནི་དཀོན་མཆོག་གིས་མི་མང་པོའི་སྡིག་པར་གུ་ཡངས་གཏང་གནང་བའི་ཆེད་དུ་འབུལ་རྒྱུ་རེད། 29 འོན་ཀྱང་ད་ནས་བཟུང་ངའི་ཡབ་ཀྱི་རྒྱལ་སྲིད་ནང་དུ་ཁྱེད་ཚོ་དང་མཉམ་དུ་གསར་པ་ཞིག་འཐུང་བའི་ཉིན་མོ་བར་དུ་ངས་རྩ་བ་ནས་རྒུན་འབྲུམ་ཨ་རག་འདི་འཐུང་གི་མིན” ཞེས་གསུངས། 30 མཐའ་མར་ཁོང་ཚོས་བསྟོད་གླུ་ཕུལ་བའི་རྗེས་སུ་ཨོ་ལིབ་ཤིང་གི་རི་བོར་ཕེབས།

31 དེ་ནས་ཡེ་ཤུས་ཁོ་ཚོར། “དོ་དགོང་ཁྱེད་ཚོ་ཚང་མས་ང་དབྱུགས་གཞག་གི་རེད། གང་ཡིན་ཟེར་ན་གསུང་རབ་ནང་དུ་ ‘ངས་ལུག་རྫི་ལ་རྡུང་རྡེག་གཏང་བས། ལུག་ཁྱུ་འཐོར་ངེས་ཡིན’ ཞེས་བཀོད་ཡོད། 32 ཡིན་ན་ཡང་ང་སླར་གསོན་པའི་རྗེས་སུ་ཁྱེད་ཚོའི་སྔོན་ལ་ཀཱ་ལི་ལི་ཡུལ་དུ་འགྲོ་གི་ཡིན” ཞེས་གསུངས། 33 པེ་ཏྲོ་ཡིས་ལན་དུ་ མི་གཞན་དག་ཚང་མས་ཁྱེད་རང་དབྱུགས་བཞག་ན་ཡང་ངས་ནམ་ཡང་ཁྱེད་རང་དབྱུགས་གཞག་གི་མིན”ཞེས་བཤད། 34 ཡེ་ཤུས་ཁོ་ལ། “ངས་ཁྱེད་རང་ལ་བདེན་པ་ཟེར། དེ་རིང་གི་མཚན་མོར་བྱ་ཕོས་མ་གྲགས་པའི་སྔོན་ལ་ཁྱེད་ཀྱིས་ཐེངས་གསུམ་ང་ངོ་མི་ཤེས་ཞེས་ཟེར་ངེས་ཡིན”ཞེས་གསུངས། 35 པེ་ཏྲོ་ཡིས་ཁོང་ལ། “ཐ་ན་ང་ཁྱེད་རང་དང་མཉམ་དུ་ཤི་དགོས་ཀྱང་ངས་ཁྱེད་རང་ངོ་མི་ཤེས་ཞེས་རྩ་བ་ནས་ཟེར་མི་སྲིད” ཅེས་བཤད། རྗེས་འབྲང་པ་གཞན་ཚང་མས་ཀྱང་དེ་ལྟར་བཤད།

36 དེ་ནས་ཡ་ཤུ་ཁོ་ཚོ་དང་མཉམ་དུ་གེད་སེམ་མཱ་ནེ་ཟེར་བའི་ས་ཆར་སླེབས་པ་དང་། ཁོང་གི་རྗེས་འབྲང་པ་རྣམས་ལ། “ཁྱེད་ཚོ་འདིར་སྡོད་དང་། ང་ཕ་གིར་ཕྱིན་ནས་སྨོན་ལམ་འབུལ་གྱི་ཡིན” ཞེས་གསུངས། 37 ཁོང་གིས་པེ་ཏྲོ་དང་ཟེ་བེད་ཡཱ་གི་བུ་གཉིས་ཁྲིད་ནས་ཕེབས། ཁོང་ཐུགས་སྐྱོ་ཞིང་སེམས་སྡུག་ཆེན་པོ་སྐྱེས་། 38 ཁོང་གིས་ཁོ་ཚོར། “ངའི་སེམས་ཧ་ཅང་སྐྱོ་བས་ཤི་ཐབས་འདུག ཁྱེད་ཚོ་འདིར་བསྡད་ནས་ང་དང་མཉམ་དུ་མུ་མཐུད་ལྟ་སྲུང་བྱེད་དང” ཞེས་གསུངས། 39 དེ་ནས་ཏོག་ཙམ་མདུན་དུ་ཕེབས་ནས་ཞལ་ས་ལ་བཏུད་དེ། “ངའི་ཡབ་ལགས། གལ་སྲིད་ཕོར་པ་འདི་ང་དང་ཁ་བྲལ་ཆོག་ན་དེ་ལྟར་གནང་དང་། ཡིན་ན་ཡང་ངའི་བསམ་པ་བཞིན་དུ་མི་ཡིན་པར་ཁྱེད་རང་གི་དགོངས་པ་བཞིན་དུ་འགྲུབ་པར་ཤོག” ཅེས་སྨོན་ལམ་ཕུལ།

40 ཁོང་རྗེས་འབྲང་པ་རྣམས་ཀྱི་རྩར་ལོག་ཕེབས་སྐབས་ཁོ་ཚོ་གཉིད་ཁུག་ཡོད་པ་གཟིགས་ནས་པེ་ཏྲོ་ལ། “ཁྱེད་ཚོས་ཆུ་ཚོད་གཅིག་ཙམ་ཡང་ང་དང་མཉམ་དུ་ལྟ་སྲུང་བྱས་མ་ཐུབ་བམ། 41 ཁྱེད་ཚོས་ལྟ་སྲུང་རྒྱུན་སྐྱོང་བྱེད་དགོས་ལ་རྒྱུན་ཆད་མེད་པར་སྨོན་ལམ་ཕུལ་ནས་སླུ་ཁྲིད་མ་ཐེབས་པར་བྱེད་དགོས། མ་གཞི་ནས་ཁྱེད་ཚོར་བརྩོན་སེམས་ཡོད་ཀྱང་ལུས་པོའི་ནུས་ཤུགས་ཞན་པ་རེད” ཅེས་གསུངས། 42 ཡེ་ཤུ་ཐེངས་གཉིས་པར་ཕར་ཕེབས་ནས་ “ངའི་ཡབ་ལགས། གལ་སྲིད་ཕོར་པ་འདི་ང་དང་ཁ་བྲལ་མི་སྲིད་པ་དང་ངས་ངེས་པར་དུ་འདི་ལས་འཐུང་དགོས་ན་ཁྱེད་རང་གི་དགོངས་པ་དངོས་སུ་འགྲུབ་པར་ཤོག” ཅེས་སློན་ལམ་ཕུལ། 43 ཁོང་སླར་ཡང་ལོག་ཕེབས་སྐབས་ཁོ་ཚོ་གསུམ་གྱི་མིག་ལྗིད་པོ་བྱུང་ནས་ཁོ་ཚོ་གཉིད་ཁུག་ཡོད་པ་གཟིགས། 44 ཁོང་ཁོ་ཚོ་དང་བྲལ་ནས་ཕར་ཕེབས་ནས་ཐེངས་གསུམ་པར་སྨོན་ལམ་ཕུལ་ནས་སྔོན་ལ་གསུངས་པའི་གཏམ་དེ་ཡང་བསྐྱར་གསུངས། 45 དེ་ནས་ཁོང་རྗེས་འབྲང་པ་རྣམས་ཀྱི་རྩར་ལོགས་ཕེབས་ནས་ཁོ་ཚར། “དུས་ཚོད་འདི་འདྲ་ཐོག་ཏུ་ཁྱེད་ཚོ་ད་དུང་གཉིད་ཁུག་ནས་ངལ་གསོ་གི་འདུག ལྟོས་དང་། མིའི་དུ་ཉེས་ཅན་པ་རྣམས་ཀྱི་ལག་ཏུ་གཏད་པའི་དུས་ལ་འབབ་འདུག ཡར་ལོངས་ཤིག ད་ང་ཚོ་འགྲོ། 46 ལྟོས་ཤིག ང་ལ་རྒྱབ་གཏོད་བྱེད་མཁན་མགྱོགས་པོ་ཡོང་གི་འདུག” 47 ཡེ་ཤུ་ད་དུང་བཀའ་མོལ་གསུངས་བཞིན་ཡོད་སྐབས་བཅུ་གཉིས་པོ་ལས་ཡུ་དཱ་སླེབས་པ་དང་། ཁོ་དང་མཉམ་དུ་མཆོད་དཔོན་གཙོ་བོ་དང་མི་མང་གི་རྒན་རབས་རྣམས་ཀྱིས་བཏང་བའི་མི་ཚོགས་ཆེན་པོས་རལ་གྲི་དང་དབྱུག་པ་འཁྱེར་ནས་སླེབས།

48 ཡེ་ཤུ་ལ་རྒྱབ་གཏོད་བྱས་མཁན་དེས་སྔོན་ལ་གསང་བརྡ་གྲ་སྒྲིག་བྱས་ནས་ “ངས་སུ་ལ་འོ་བྱེད་པ་དེ་ཁོང་རང་ཡིན། མི་དེ་ཟུངས་ཤིག” ཅེས་བཤད། 49 ཡུ་དཱ་ཐད་ཀར་ཡེ་ཤུའི་མདུན་དུ་ཡོང་ནས་ “རྒན་ལགས་སྐུ་ཁམས་བཟང” ཞེས་བཤད་པ་དང་།  བྱམས་པོ་ངང་ནས་འོ་བྱས། 50 འོན་ཀྱང་ཡེ་ཤུས་ “འདིར་གང་བྱེད་པའི་ཆེད་དུ་ཡོང་ངམ” ཞེས་གསུངས། སྐབས་དེར་མི་རྣམས་ཚུར་ཡོང་ནས་ཡེ་ཤུ་འཇུ་བཟུང་བྱས། 51 འོན་ཀྱང་ཡེ་ཤུ་དང་མཉམ་དུ་ཡོད་པ་ཞིག་གིས་རལ་གྲི་བཟུང་ནས་བཏོན་པ་དང་། མཆོད་དཔོན་ཆེན་མོའི་གཡོག་པོ་ལ་ཕར་རྒོལ་བྱས་ནས་ཁོའི་རྣ་བ་ཡ་གཅིག་བཅད། 52 སྐབས་དེར་ཡེ་ཤུས་ “རལ་གྲི་དེ་ཤུབས་སུ་ཆུག་ཅིག རལ་གྲི་ལེན་མཁན་ཚང་མ་རལ་གྲི་འོག་ཏུ་སྲོག་ཤོར། 53 ཁྱེད་ཀྱི་བསམ་པར་ངས་ཡབ་ལ་ད་ལྟ་རང་དུ་དམག་དཔུང་བཅུ་གཉིས་ལས་མང་བའི་ལྷའི་ཕོ་ཉ་རྣམས་གཏང་གནང་རོགས་ཞེས་ཞུ་བ་འཐེན་མི་ཆོག་གམ། 54 འོན་ཀྱང་གལ་སྲིད་ངས་དེ་ལྟར་བྱས་ན་གསུང་རབ་ནང་དུ་འདི་ལྟར་འགྲུབ་ངེས་ཡིན་ཞེས་བཀོད་པའི་དོན་དག་གང་འདྲ་བྱས་ནས་དངོས་སུ་འགྲུབ་བམ” ཞེས་གསུངས། 55 སྐབས་དེ་དུས་ཡེ་ཤུས་མི་ཚོགས་ལ་ “ཁྱེད་ཚོས་ཇག་པ་འཛིན་པ་ལྟར་རལ་གྲི་དང་དབྱུག་པ་འཁྱེར་ནས་ང་འཛིན་བཟུང་བྱེད་པར་ཡང་ངམ། ངས་ཉིན་ལྟར་མཆོད་ཁང་ནང་དུ་བསྡད་ནས་སློབ་སྟོན་བྱས་ན་ཡང་ཁྱེད་ཚོས་ང་འཇུ་བཟུང་མ་བྱས། 56 ཡིན་ན་ཡང་འདི་ཐམས་ཅད་ནི་སྔོན་ཤེས་པས་བྲིས་པའི་དོན་དག་དངོས་སུ་འགྲུབ་བའི་ཆེད་དུ་བྱུང་བ་རེད” ཅེས་གསུངས། སྐབས་དེར་རྗེས་འབྲང་པ་རྣམས་ཚང་མས་ཡེ་ཤུ་དེར་བཞག་ནས་བྲོས།

57 ཡེ་ཤུ་འཇུ་བཟུང་བྱས་པའི་མི་རྣམས་ཀྱིས་ཁོང་མིང་ལ་ཀ་ཡ་ཕཱ་ཟེར་བའི་མཆོད་དཔོན་ཆེན་མོའི་མདུན་དུ་ཁྲིད། བཀའ་ཁྲིམས་མཁས་པ་དང་རྒན་རབས་རྣམས་ཀྱང་དེར་འཛོམས། 58 པེ་ཏྲོ་ཐག་རིང་ནས་ཡེ་ཤུའི་རྗེས་སུ་འབྲངས་ནས་མཆོད་དཔོན་གཙོ་བོའི་ཁང་པའི་ར་སྐོར་དུ་སླེབས། ཁོ་དེའི་ནང་དུ་འཛུལ་ནས་གང་འབྱུང་བ་བལྟས་པའི་ཆེད་དུ་ཞབས་ཕྱི་རྣམས་ཀྱི་འཁྲོད་དུ་བསྡད།

59 སྐབས་དེ་དུས་མཆོད་དཔོན་གཙོ་བོ་རྣམས་དང་མཐོ་རིམ་ཁྲིམས་རའི་ཁྲིམས་དཔོན་ཚང་མས་ཡེ་ཤུ་སྲོག་གཅོད་གཏང་ཐུབ་པའི་ཆེད་དུ་དཔང་རྟགས་རྫུན་མ་བཙལ། 60 དཔང་མི་རྫུན་མ་མང་པོ་ཡོང་ཡང་ཁོ་ཚོས་དཔང་རྟགས་གང་ཡང་མ་རྙེད། རྗེས་སུ་མི་གཉིས་མདུན་དུ་ཡོང་ནས་བཤད་པར།  61 “མི་འདིས་ ‘ངས་དཀོན་མཆོག་གི་མཆོད་ཁང་གཏོར་བཤིག་བཏང་ནས་ཉི་མ་གསུམ་མ་ཕྱིན་གོང་ཡང་བསྐྱར་རྩིག་ཐུབ’ ཅེས་བཤད་སོང” 62 མཆོད་དཔོན་ཆེན་མོ་ཡར་ལངས་ནས་ཡེ་ཤུ་ལ། “ཁྱོད་ཀྱིས་ལན་གང་ཡང་མི་རྒྱག་གམ། མི་འདི་ཚོས་ཁྱོད་ཀྱི་སྐོར་ཞུ་གཏུག་བྱེད་པ་གང་ཡིན” ཞེས་བཤད། 63 འོན་ཀྱང་ཡེ་ཤུས་གང་ཡང་མ་གསུངས་པས། མཆོད་དཔོན་ཆེན་མོས་ཁོང་ལ། “ཁྱོད་ཀྱིས་ནམ་ཡང་གསོན་པའི་དཀོན་མཆོག་དཔང་དུ་བཙུགས་ནས་མནའ་སྐྱེལ་ཏེ། ཁྱོད་དཀོན་མཆོག་གི་སྲས་ཁི་རི་སི་ཐོ་ཡིན་ནམ་མ་ཡིན་ང་ཚོར་ཤོད་ཅིག” ཅེས་བཤད། 64 ཡེ་ཤུས་ལན་དུ། “ལགས་ཡིན། ཡོང་ངས་ཁྱེད་ཚོར་ཟེར། རྗེས་མར་ཁྱེད་ཚོས་མིའི་བུ་ནུས་མཐུ་ལྡན་པའི་དཀོན་མཆོག་གི་གཡས་ཕྱོགས་སུ་བསྡད་པ་དང་ནམ་མཁའི་སྤྲིན་པའི་སྟེང་ནས་ཕེབས་པ་མཐོང་ངེས་ཡིན” ཞེས་གསུངས། 65 སྐབས་དེར་མཆོད་དཔོན་ཆེན་མོས་རང་གི་ཕྱི་གོས་དབྲལ་ནས་ “ཁོས་དཀོན་མཆོག་ལ་དམའ་འབེབས་བཏང་སོང་། ང་ཚོར་ད་དུང་དཔང་མི་སུ་དགོས་སམ། གཟིགས་དང་། ང་ཚོས་ད་ལྟ་དཀོན་མཆོག་ལ་དམའ་འབེབས་བཏང་བའི་གཏམ་ཐོས་སོང་། 66 ཁྱེད་ཚོར་བསམ་འཆར་གང་ཡོད” ཅེས་བཤད། ཁོ་ཚོས་ལན་དུ་ “མི་འདིར་སྲོག་གཅོད་གཏང་དགོས” ཞེས་བཤད། 67 དེ་ནས་ཁོ་ཚོས་ཡེ་ཤུའི་ཞལ་དུ་མཆིལ་མ་གཏོར་ནས་ཁུ་ཚུར་གྱིས་བརྡུངས། མི་གཞན་དག་གིས་འགྲམ་ལྕག་བཞུས་ནས། 68 “ཁི་རི་སི་ཐོ་ཁྱོད། སྔོན་ཤེས་པ་ཡིན་ན་ང་ཚོར་ཤོད་ཅིག སུས་ཁྱོད་བརྡུངས་བྱུང” ཞེས་བཤད།

69 པེ་ཏྲོ་ཕྱི་ལོགས་ཀྱི་ར་སྐོར་དུ་བསྡད་དུས་གཡོག་མོ་ཞིག་ཡོང་ནས་ཁོ་ལ། “ཁྱེད་ཀྱང་ཀཱ་ལི་ལི་ཡུ་གྱི་མི་ཡེ་ཤུ་དང་མཉམ་དུ་ཡོད་པ་རེད” ཅེས་བཤད། 70 འོན་ཀྱང་པེ་ཏྲོས་མི་ཚང་མའི་མདུན་དུ་ཁས་མ་བླངས་པར་ “ཁྱོད་ཀྱིས་གང་བཤད་པ་ངས་ཤེས་མ་བྱུང” ཞེས་བཤད། 71 པེ་ཏྲོ་རྒྱལ་སྒོའི་རྩར་ཕྱིར་འཐོན་པའི་རྗེས་སུ་གཡོག་མོ་གཞན་ཞིག་གིས་ཁོ་ལ་དོ་སྣང་བྱས་ནས་དེར་ཡོད་པའི་མི་རྣམས་ལ། “མི་འདི་ནི་ནཱ་ཟ་རེལ་གྱི་མི་ཡེ་ཤུ་དང་མཉམ་དུ་ཡོད་པ་ཞིག་རེད” ཅེས་བཤད། 72 པེ་ཏྲོས་ཡང་བསྐྱར་ཁས་མ་བླངས་ནས་མནའ་བསྐྱལ་ཏེ་ “ངས་མི་དེ་ངོ་མི་ཤེས” ཞེས་བཤད། 73 དུས་ཚོད་ཏོག་ཙམ་ཕྱིན་པའི་རྗེས་ལ་སྐོར་དུ་ལངས་ཡོད་པའི་མི་རྣམས་པེ་ཏྲོའི་རྩར་ཡོང་ནས་ “ཁྱོད་རྟན་རྟན་ཁོ་ཚོའི་ནང་ནས་གཅིག་ཡིན། ཁྱོད་ཀྱི་བཤད་པའི་ཡུལ་སྐད་ནས་ཤེས་ཐུབ” ཅེས་བཤད།  74 སྐབས་དེར་པེ་ཏྲོས་སྡིགས་དམོད་བྱས་ཞིང་མནའ་བསྐྱལ་ནས། “ངས་མི་དེ་ངོ་མི་ཤེས”ཞེས་བཤད་མ་ཐག་བྱ་ཕོས་སྐད་གྲགས། 75 པེ་ཏྲོས་ “བྱ་ཕོས་སྐད་མ་གྲགས་གོང་ཁྱེད་ཀྱིས་ཐེངས་གསུམ་ང་ངོ་མི་ཤེས་ཞེས་ཟེར” ཞེས་གསུངས་པ་དྲན་གསོས་ནས། ཁོ་ཕྱིར་འཐོན་ནས་མང་པོ་ངུས།