མད་ཐཱ་ལེའུ་ཉི་ཤུ་རྩ་བདུན་པ།

Matthew 27


1 ཞོགས་པ་སླེབས་དུས་མཆོད་དཔོན་གཙོ་བོ་རྣམས་དང་མི་སེར་གྱི་རྒན་རབས་རྣམས་ཚང་མས་ཡེ་ཤུ་སྲོག་གཅོད་གཏང་བའི་ཆེད་དུ་མཉམ་དུ་གྲོས་བསྡུར་བྱས། 2 ཁོ་ཚོས་ཡེ་ཤུ་བསྡམས་བཀྱིགས་བྱས་པ་དང་ཁོང་འཁྲིད་ནས་སྤྱི་ཁྱབ་པི་ལ་ཏུ་ལ་སྤྲད།  

3 སྐབས་དེ་དུས་ཡེ་ཤུ་ལ་རྒྱབ་གཏོད་བྱས་མཁན་ཡུ་དཱ་ཡིས་ཡེ་ཤུ་ལ་ཁྲིམས་ཆད་བཏང་བ་མཐོང་ནས་འགྱོད་པ་སྐྱེས། ཁོས་དངུལ་སྒོར་སུམ་བཅུ་དེ་མཆོད་དཔོན་གཙོ་བོ་རྣམས་དང་རྒན་རབས་རྣམས་ལ་ཕྱིར་བསློགས་པ་དང་། 4 “ངས་ནག་ཉེས་མེད་པའི་མི་ལ་རྒྱབ་གཏོད་བྱས་ནས་སྡིག་པ་བསགས་སོང” ཞེས་བཤད། ཁོ་ཚོས་ “དེ་ང་ཚོ་དང་འབྲལ་བ་གང་ཡོད། ཁྱོད་རང་གིས་འགན་ཁུར་དགོས” ཞེས་བཤད་པས། 5 ཡུ་དཱ་ཡིས་དངུལ་སྒོར་མཆོད་ཁང་ནང་དུ་དབྱུགས་ནས་ཕར་ཕྱིན། དེ་ནས་ཁོ་གནམ་ཐག་བརྒྱབ་ནས་རང་ཤི་བརྒྱབ། 6 འོན་ཀྱང་མཆོད་དཔོན་གཙོ་བོ་རྣམས་ཀྱིས་དངུལ་སྒོར་དེ་བླངས་ནས་ “འདི་ནི་ཁྲག་གི་རིན་གོང་ཡིན་པས་མཆོད་ཁང་ནང་གི་བང་མཛོད་ཁང་ལ་བཞག་ན་མ་འགྲིག” ཅེས་བཤད། 7 ཁོ་ཚོས་གྲོས་བསྡུར་བྱས་པའི་རྗེས་སུ་དངུལ་དེ་བེད་སྤྱོད་བཏང་ནས་ཕྱི་མིའི་དུར་སར་བཟོ་བའི་ཆེད་དུ་རྫ་མཁན་གྱི་ས་ཞིང་ཉོས། 8 འདིའི་རྐྱེན་གྱིས་དེ་རིང་གི་བར་དུ་ས་ཞིང་དེ་ལ་ཁྲག་གི་ས་ཞིང་ཞེས་ཟེར། 9 སྐབས་དེར་སྔོན་ཤེས་པ་ཡེ་རེམ་ཡཱ་བརྒྱུད་ནས་གསུངས་པའི་གཏམ་འདི་དངོས་སུ་གྲུབ། “ཁོ་ཚོས་མི་དེའི་རིན་གོང་གི་དངུལ་སྒོར་སུམ་བཅུ་བླངས། ཨི་སི་ར་ཨེལ་གྱི་མི་ཁ་ཤས་ཀྱིས་མི་དེར་དེ་ལྟར་རིན་གོང་ཐག་གཅོད་བྱས། 10 དེ་ནས་ཡ་ཧོ་ཝཱས་ང་ལ་བཀའ་མངགས་གནང་བ་ལྟར་ཁོ་ཚོས་དངུལ་དེ་རྫ་མཁན་གྱི་ས་ཞིང་གི་ཆེད་དུ་སྤྲད”

11 ཡེ་ཤུ་སྤྱི་ཁྱབ་ཀྱི་མདུན་དུ་ལངས། སྤྱི་ཁྱབ་ཀྱིས་ཁོང་ལ་ “ཁྱོད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ”ཞེས་དྲིས། ཡེ་ཤུས་ལན་དུ་ “ལགས་ཡིན” ཞེས་གསུངས། 12 འོན་ཀྱང་མཆོད་དཔོན་གཙོ་བོ་རྣམས་དང་རྒན་རབས་རྣམས་ཀྱིས་ནག་ཉེས་བཙུགས་དུས་ཁོང་གི་ལན་གང་ཡང་མ་གསུངས་པས། 13 པི་ལ་ཏུ་ཡིས་ཁོང་ལ། “ཁོ་ཚོས་ཁྱོད་ལ་ནག་ཉེས་མང་པོ་འདི་འདྲ་འཛུགས་ཡོད་པ་ཁྱོད་ཀྱིས་མི་ཐོས་སམ”ཞེས་བཤད། 14 འོན་ཀྱང་ཡེ་ཤུས་ཚིག་གཅིག་ཀྱང་ལན་མ་བཀྱོན་པས་སྤྱི་ཁྱབ་ཡ་མཚན་ཆེན་པོ་སྐྱེས།

15 ལོ་ལྟར་དུས་ཆེན་འདི་སླེབ་སྐབས་སྤྱི་ཁྱབ་ཀྱིས་མང་ཚོགས་ཀྱི་འདོད་པ་ལྟར་བཙོན་པ་གཅིག་གློད་གྲོལ་གཏོང་བའི་རྒྱུན་སྲོལ་ཡོད། 16 སྐབས་དེ་དུས་མིང་ལ་པཱར་ཨབ་པ་ཟེར་བའི་མིང་ངན་ཀུན་ཏུ་གྲགས་པའི་བཙོན་པ་ཞིག་ཡོད། 17 མི་རྣམས་འཛོམས་པའི་དུས་སུ་པི་ལ་ཏུ་ཡིས་“ཁྱོད་ཚོའི་བསམ་པར་ངས་མི་ང་ཞིག་གློད་གྲོལ་གཏོང་དགོས། པཱར་ཨབ་པ་ཡང་ན་ཁི་རི་སི་ཐོ་ཞེས་ཟེར་བའི་ཡེ་ཤུ” ཞེས་དྲིས། 18 རྒྱུ་མཚན་ནི་ཁོ་ཚོས་ཡེ་ཤུ་ལ་ཕྲག་དོག་བྱས་ནས་ཁོ་ལ་བཏད་པ་པི་ལཱ་ཏུ་ཡིས་ཤེས། 19 དེ་མ་ཟད་པི་ལཱ་ཏུ་ཁྲིམས་དཔོན་གྱི་ཁྲི་ལ་བསྡད་དུས་ཁོའི་བཟའ་ཟླས་མི་ཞིག་བཏང་ནས་ཁོ་ལ། “ནག་ཉེས་མེད་པའི་མི་དེའི་དོན་དག་ལ་ཇུས་གཏོགས་མ་གནང་དང་། ངས་མདང་ནུབ་ཀྱི་རྨི་ལམ་ནང་དུ་ཁོའི་དོན་དུ་སྡུག་བསྔལ་མང་པོ་མྱངས་བྱུང” ཞེས་བཤད། 20 འོན་ཀྱང་མཆོད་དཔོན་གཙོ་བོ་རྣམས་དང་རྒན་རབས་རྣམས་ཀྱིས་མི་ཚོགས་ལ་པཱར་ཨབ་པ་གློད་ནས་ཡེ་ཤུ་གསོད་པར་བསྐུར། 21 སྤྱི་ཁྱབ་ཀྱིས་ཡང་བསྐྱར་ཁོ་ཚོར། “མི་འདི་གཉིས་ལས་ངས་སུ་ཞིག་གློད་ན་དགའ” ཞེས་དྲིས། ཁོ་ཚོས་ “པཱར་ཨབ་པ” ཞེས་བཤད། 22 པི་ལཱ་ཏུ་ཡིས། “འོ་ན་ཁི་རི་སི་ཐོ་ཟེར་བའི་ཡེ་ཤུ་ལ་ངས་གང་འདྲ་བྱེད་དགོས་རེད” ཅེས་བཤད། ཁོ་ཚོ་ཚང་མས། “ཀ་བའི་སྟེང་ལ་བཀལ་ནས་སོད་དང” ཞེས་བཤད། 23 པི་ལཱ་ཏུ་ཡིས། “རྒྱུ་མཚན་གང་ཡིན། ཁོས་ནག་ཉེས་གང་བྱས་སམ” ཞེས་བཤད་ཀྱང་མི་ཚོགས་ཀྱིས་སྐད་ཤུགས་དེ་བས་ཆེན་པོས། “ཀ་བའི་སྟེང་ལ་བཀལ་ནས་སོད’ཅེས་སྐད་བརྒྱབ།

24 པི་ལཱ་ཏུ་ཡིས་ཐབས་ཤེས་གང་ཡང་མེད་པ་དང་ཟི་ལིང་ལངས་རྒྱུ་ཡོད་པ་བལྟས་པས། མི་ཚོགས་ཀྱི་མདུན་དུ་ཆུ་ཡིས་ལག་པ་བཀྲུས་ནས་ “མི་འདིའི་ཁྲག་གི་སྐོར་ང་ལ་འགན་མེད། ཁྱེད་ཚོས་རང་གིས་འགན་ཁུར་དགོས” ཤེས་བཤད། 25  མི་ཚང་མས་ལན་དུ། “ཁོའི་ཁྲིག་གི་འགན་ང་ཚོ་དང་ང་ཚོའི་བུ་ཕྲུག་གིས་འགན་ཁུར་ཆོག” ཅེས་བཤད་པས། 26 པི་ལཱ་ཏུ་ཡིས་པཱར་ཨབ་པ་གློད་པ་དང་། ཡེ་ཤུ་ལ་ལྕགས་ཀྱིས་གཞུས་ནས་ཀ་བའི་སྟེང་དུ་གསོད་པའི་ཆེད་དུ་མི་ལ་གཏད།

27 དེ་ནས་སྤྱི་ཁྱབ་ཀྱི་དམག་མི་རྣམས་ཀྱིས་ཡེ་ཤུ་སྤྱི་ཁྱབ་ཀྱི་གཟིམས་ཤག་ནང་དུ་ཁྲིད་པ་དང་། དམག་མི་ཆ་ཚང་ཡེ་ཤུའི་ཁྲིད་ལ་འཛོམས་སུ་བཅུག 28 ཁོ་ཚོས་ཡེ་ཤུའི་གྱོན་ཆས་ཕྲོགས་ནས་གོས་དམར་པོ་ཞིག་བསྐོན་པ་དང་། 29 ཚེར་མས་བསླས་པའི་ཅོད་པན་ཞིག་ཁོང་གི་དབུ་ལ་བསྐོན་ཞིང་ཁོང་གི་ཕྱག་གཡས་པར་འདམ་རྩྭ་ཞིག་བཞག ཁོ་ཚོས་ཡེ་ཤུའི་མདུང་དུ་པུས་མོ་ས་ལ་བཙུགས་ནས་འཕྱ་སྨོད་བྱས་ཞིང་ “ཡ་ཧུ་དཱ་པའི་རྒྱལ་པོ་ལ་འཚམས་འདྲི་ཞུ”ཞེས་བཤད། 30 ཁོ་ཚོས་ཁོང་ལ་མཆིལ་མ་གཏོར་བ་དང་འདམ་རྩྭ་དེ་ཚུར་ལེན་ནས་དེས་ཁོང་གི་དབུ་ལ་བཞུས། 31 ཁོ་ཚོས་འཕྱ་སྨོད་བྱས་ཚར་པའི་རྗེས་སུ་གོས་དེ་ཕུད་ནས་ཁོང་རང་གི་ཕྱི་གོས་བསྐོན་པ་དང་། ཀ་བའི་སྟེང་དུ་གཟེར་བརྒྱབ་ནས་གསོད་པའི་ཆེད་དུ་ཕར་ཁྲིད།

32 ཁོ་ཚོ་ཕྱིར་འཐོན་སྐབས་མིང་ལ་སི་མོན་ཟེར་བའི་ཀི་རེ་ནེ་ཡུལ་གྱི་མི་ཞིག་དང་ཕྲད་ནས་མི་དེར་བཙན་གྱིས་ཡེ་ཤུའི་སྡུག་བསལ་གྱི་ཀ་བ་འཁུར་དུ་བཅུག 33 ཁོ་ཚོ་གོལ་གོ་ཐཱ་(འདིའི་གོ་དོན་ནི་མགོ་རུས་ཀྱི་ས་ཆ་ཡིན)ཟེར་བའི་ས་ཆ་ལ་སླེབས།  34 ཁོ་ཚོས་ཡེ་ཤུ་ལ་མཁྲིས་ཁུ་བསྲེས་པའི་རྒུན་འབྲུམ་ཨ་རག་འཐུང་དུ་བཅུག་ན་ཡང་ཁོང་གིས་བྲོ་བ་ཅིག་བལྟས་པའི་རྗེས་ལ་མ་མཆོད། 35 ཁོ་ཚོས་ཡེ་ཤུ་ཀ་བའི་སྟེང་དུ་གཟེར་བརྒྱབ་པའི་རྗེས་སུ་རྒྱན་བརྒྱབ་ནས་ཁོང་གི་ཕྱི་གོས་བགོ་བཤའ་བྱས་པ་དང་། 36 དེར་བསྡད་ནས་ཡེ་ཤུ་ལ་ལྟ་སྲུང་བྱས། 37 གཞན་ཡང་ཁོ་ཚོས་ཤིང་བྱང་ཞིག་ལ་ “འདི་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡེ་ཤུ” ཞེས་ཉེས་མིང་བྲིས་ནས་ཁོང་གི་དབུ་ཡི་གོང་དུ་བཀལ།

38 སྐབས་དེར་ཇག་པ་གཉིས་ཀྱང་ཁོང་གི་གཡས་གཡོན་ལ་ཡོད་པའི་ཀ་བ་རེ་རེའི་སྟེང་དུ་བཀལ། 39 ལམ་ཁ་དེ་རྒྱུད་ནས་འགྲོ་མཁན་རྣམས་ཀྱིས་ཡེ་ཤུ་ལ་དམའ་འབེབས་བཏང་ནས་མགོ་བོ་གཡུག་ཅིང་། 40  “མཆོད་ཁང་བཤིག་ནས་ཉི་མ་གསུམ་ནང་སླར་དུ་རྩིག་མཁན་ཁྱོད་ཀྱིས་རང་ཉིད་སྐྱོབས་ཤིག གལ་སྲིད་ཁྱོད་དཀོན་མཆོག་གི་སྲས་ཡིན་ན་སྡུག་བསྔལ་གྱི་ཀ་བའི་སྟེང་ནས་མར་འབབ་ཤོག” ཅེས་བཤད། 41 དེ་བཞིན་དུ་མཆོད་དཔོན་གཙོ་བོ་རྣམས་ཀྱང་བཀའ་ཁྲིམས་མཁས་པ་དང་རྒན་རབས་རྣམས་དང་མཉམ་དུ་འཕྱ་སྨོད་བྱས་ནས་ 42  “ཁོས་མི་གཞན་དག་བསྐྱབས་ཀྱང་རང་ཉིད་སྐྱོབ་མི་ཐུབ། ཁོ་ཨི་སི་ར་ཨེལ་གྱི་རྒྱལ་པོ་རེད། ད་ལྟ་རང་སྡུག་བསྔལ་གྱི་ཀ་བའི་སྟེང་ནས་མར་འབབ་ཤོག་དང་། དེ་ལྟར་ཡིན་ན་ང་ཚོས་ཁོ་ལ་དད་པ་བྱེད་ཡོང་། 43 ཁོས་དཀོན་མཆོག་ལ་བློ་གཏད་པ་རེད། ཁོས་‘ང་དཀོན་མཆོག་གི་སྲས་ཡིན’ ཞེས་བཤད་པས། གལ་སྲིད་དཀོན་མཆོག་ལ་ཁོ་དགོས་ན་ཁོང་གིས་ད་ལྟ་ཁོ་སྐྱོབ་གནང་ངེས་རེད”ཅེས་བཤད།  44 ཁོང་དང་མཉམ་དུ་ཀ་བའི་སྟེང་དུ་བཀལ་བའི་ཇག་པ་གཉིས་ཀྱིས་ཀྱང་ཁོང་ལ་དེ་བཞིན་དུ་དམའ་འབེབས་བཏང་།

45 ཉིན་གུང་ཆུ་ཚོད་བཅུ་གཉིས་པ་ནས་བཟུང་ཕྱི་དྲོ་ཆུ་ཚོད་གསུམ་པའི་བར་དུ་ཡུལ་ཡོངས་སུ་མུན་ནག་འཐིབས། 46 ཕྱི་དྲོ་ཆུ་ཚོད་གསུམ་ཙམ་ལ་ཡེ་ཤུས་སྐད་ཤུགས་ཆེན་པོས། “ཨེ་ལི། ཨེ་ལི། ལཱ་མ་ས་བག་ཐ་ནི” ཞེས་འབོད། དེ་ནི་ “ངའི་དཀོན་མཆོག ངའི་དཀོན་མཆོག ང་དབྱུགས་བཞག་གནང་བ་གང་ཡིན” ཞེས་གོ་དོན་ཡིན། 47 དེར་ལངས་ཡོད་པའི་མི་ཁ་ཤས་ཞིག་གིས་དེ་ཐོས་ནས་ “མི་འདིས་ཨེ་ལི་ཡཱ་འབོད་ཀྱི་འདུག” ཅེས་བཤད། 48 འཕྲལ་དུ་མི་ཞིག་གིས་ཕར་བརྒྱུགས་ནས་མཚོ་བལ་ཞིག་རྒུན་འབྲུམ་ཨ་རག་སྐྱུར་མོར་སྦངས་པ་དང་། འདམ་རྩྭའི་རྩེ་ལ་བཀོན་ནས་ཡེ་ཤུ་ལ་འཐུང་དུ་བཅུག་པའི་ཆེད་དུ་དྲངས། 49 འོན་ཀྱང་མི་གཞན་དག་གིས་ “ཇུས་གཏོགས་མ་བྱེད་དང་། ཨེ་ལི་ཡཱ་གིས་ཁོ་སྐྱོབ་པའི་ཆེད་དུ་ཡོང་མི་ཡོང་ལ་ཅིག་བལྟ་དགོས” ཞེས་བཤད། 50 ཡེ་ཤུས་ཡང་བསྐྱར་འབོད་སྐད་ཆེན་པོ་ཞིག་བཀྱོན་པའི་རྗེས་སུ་དབུགས་ཆད་སོང་།

51 སྐབས་དེར་གློ་བུར་དུ་མཆོད་ཁང་གི་ཡོལ་བ་དེ་གོང་ནས་འོག་བར་དུམ་བུ་གཉིས་སུ་རལ་བ་དང་། ས་ཡོམ་ཞིག་བྱུང་ནས་བྲག་རྡོ་གས། 52 དུར་ཁུང་ཕྱས་པས་གྲོངས་ནས་ཡུན་རིང་གཉིད་ཡོད་པའི་མི་དམ་པའི་རོ་མང་པོ་མངོན་པར་ཐོན་པ་དང་། 53 མི་མང་པོས་དེ་ཚོ་མཐོང་སོང་། (ཡེ་ཤུ་སླར་གསོན་པའི་རྗེས་སུ་མི་རྣམས་དུར་ས་ནས་ཐོན་ནས་གྲོང་ཁྱེར་དམ་པ་ལ་འཛུལ) 54 དམག་དཔོན་དང་ཁོ་དང་མཉམ་དུ་ཡེ་ཤུ་ལ་ལྟ་སྲུང་བྱས་པའི་མི་རྣམས་ཀྱིས་ས་ཡོམ་དང་གནས་ཚུལ་གང་ཐོན་པ་མཐོང་ནས་ཤིན་ཏུ་འཇིགས་པ་དང་། “མི་འདི་དངོས་གནས་དཀོན་མཆོག་གི་སྲས་ཡིན་པ་རེད” ཅེས་བཤད།

55 ཀཱ་ལི་ལི་ཡུལ་ནས་ཡེ་ཤུའི་རྗེས་སུ་འབྲངས་ནས་ཁོང་ལ་ཞབས་ཕྱི་ཞུས་པའི་བུད་མེད་མང་པོ་ཞིག་དེར་ཡིད་དེ། ཐག་རིང་ནས་དོན་དེ་ཚོར་བལྟས། 56 མི་དེ་ཚོའི་ཁྲོད་དུ་མཱག་ད་ལ་གི་མི་མིར་ཡམ་དང་། ཡ་ཀོབ་དང་ཡོ་སེའི་ཨ་མ་མིར་ཡམ་དང་། ཟེ་བེད་ཡཱ་གི་བུ་རྣམས་ཀྱི་ཨ་མ་བཅས་ཡོད།

57 དགོང་དྲོ་སླེབས་སྐབས་ཨ་རི་མ་ཐཱ་གི་མི་ཕྱུག་པོ་ཞིག་ཡོང་། མིང་ལ་ཡོ་སེབ་ཟེར་བའི་སྐྱེས་པ་དེ་ཡང་ཡེ་ཤུའི་རྗེས་འབྲང་པ་ཡིན། 58 མི་འདིས་པི་ལ་ཏུ་ལ་ཐུག་འཕྲད་བྱས་ནས་ཡེ་ཤུའི་སྐུ་ཕུང་གནང་བར་ཞུ་བ་འཐེན་པ་དང་། པི་ལ་ཏུ་ཡིས་མི་ལ་བཀའ་བཏང་ནས་ཁོ་ལ་དེ་བསྤྲད་དུ་བཅུག 59 ཡོ་སེབ་ཀྱིས་སྐུ་ཕུང་ལེན་ནས་སྤུས་ཀ་ལེགས་པའི་སོ་རས་གཙང་མ་ཞིག་གིས་དཀྲིས། 60 དེ་ནས་བྲག་འབིགས་ནས་བཟོ་བའི་རང་ཉིད་ཀྱི་དུར་ཁང་གསར་པའི་ནང་དུ་བཞག ཁོས་རྡོ་ཆེན་པོ་ཞིག་བསྒྲིལ་ནས་དུར་ཁུང་གི་སྒོ་བཀག་པའི་རྗེས་སུ་ཕར་ཕྱིན་སོང་། 61 འོན་ཀྱང་མཱག་ད་ལའི་མི་མིར་ཡམ་དང་མིར་ཡམ་གཞན་ཞིག་མུ་མཐུད་དུ་དུར་ཁང་གི་མདུན་དུ་བསྡད།

62 དེའི་སང་ཉིན། གྲ་སྒྲིག་གི་ཉིན་མོའི་རྗེས་ཀྱི་ཉིན་མོ་ལ་མཆོད་དཔོན་གཙོ་བོ་རྣམས་དང་ཕཱ་རུ་སི་ཤོག་ཁག་གི་མི་རྣམས་པི་ལ་ཏུ་ཡི་མདུན་དུ་འཛོམས་ནས་ 63 “སྐུ་ངོ། མགོ་སྐོར་གཏོང་མཁན་དེས་ད་དུང་གསོན་པོར་བསྡད་དུས་ ‘ཉི་མ་གསུམ་གྱི་རྗེས་ལ་ང་སླར་གསོན་ངེས་ཡིན’ ཞེས་བཤད་ཡོད་པ་ང་ཚོས་དྲན་གསོས་སོང་། 64 ཁྱེད་རང་གིས་ཉི་མ་གསུམ་པ་བར་དུ་དུར་ཁང་ལ་གཟབ་ནན་གྱིས་ལྟ་སྲུང་བྱེད་དགོས་པའི་བཀའ་གཏང་གནང་རོགས། དེ་མིན་ན་ཁོའི་རྗེས་འབྲང་པ་རྣམས་ཡོང་ནས་ཁོའི་རོ་བརྐུས་ཏེ། ‘ཁོང་སླར་གསོན་པ་རེད’ ཅེས་མང་ཚོགས་ལ་བཤད་སྲིད། སྐབས་དེ་དུས་མཐའ་མའི་གཡོ་སྒྱུ་དེ་ཐོག་མ་ལས་ཚབས་ཆེ་རུ་འགྲོ་གི་རེད” 65 པི་ལ་ཏུ་ཡིས་ཁོ་ཚོར། “ཁྱེད་ཚོས་སྲུང་དམག་རྣམས་བེད་སྤྱོད་གཏང་ཆོག ཁྱེད་ཚོས་གང་ཐུབ་བྱས་ནས་ལྟ་སྲུང་གཟབ་ནན་བྱེད་དང” ཞེས་བཤད། 66 མི་དེ་ཚོས་ཕྱིན་ནས་རྡོ་ལ་རྒྱ་བཏབ་པ་དང་། སྲུང་དམག་རྣམས་བཞག་ནས་གཟབ་ནན་གྱིས་དུར་ཁང་ལྟ་སྲུང་བྱས་སུ་བཅུག