མངོན་པ་ལེའུ་ཉི་ཤུ་པ།

Revelation 20


1 ངས་ལྷའི་ཕོ་ཉ་གཅིག་ནམ་མཁའ་ནས་བབ་པ་མཐོང་བྱུང་། ཁོང་གི་ཕྱག་ཏུ་གཏིང་མཐའ་མེད་པའི་དོང་གི་སྡེ་མིག་དང་ལྕགས་ཐག་ཆེན་པོ་ཞིག་ཡོད། 2 ཁོང་གིས་འབྲུག་དེ་འཛིན་བཟུང་བྱས། དེ་ནི་ཐོག་མའི་སྦྲུལ། བདུད་ས་ཏན་ཡིན། ཁོང་གིས་དེ་ལོ་1000རིང་དུ་བཅིངས། 3 ཁོང་གིས་ཁོ་གཏིང་མཐའ་མེད་པའི་དོང་ནང་དུ་གཡུགས་པ་དང་དེའི་ཁ་བརྒྱབ་ནས་སྒོ་ཐེལ་བརྒྱབ། དེ་ལྟར་ལོ་1000་དེ་མ་རྫོགས་གོང་ལ་ཁོས་སླར་ཡང་རྒྱལ་དམངས་རྣམས་ལམ་ནོར་དུ་ཁྲིད་ཐབས་མེད།   དེའི་རྗེས་སུ་ཁོ་གནས་སྐབས་སུ་གློད་བཀྲོལ་གཏང་རྒྱུ་རེད།

...

11 ངས་བཞུགས་ཁྲི་དཀར་པོ་ཆེན་པོ་ཞིག་དང་དེའི་སྟེང་དུ་བཞུགས་མཁན་མཐོང་བྱུང་། ཁོང་གི་མདུན་ནས་གནམ་ས་བྲོས་པ་དང་དེ་ཚོའི་གནས་ས་སླར་ཡང་མེད་པར་འགྱུར། 12 ངས་གོ་གནས་ཆེ་ཆུང་མི་འདྲ་བའི་མི་རྣམས་བཞུགས་ཁྲིའི་མདུན་དུ་ལངས་ཡོད་པ་མཐོང་བ་དང་།  དཔེ་ཆ་རྣམས་ཁ་ཕྱེ་སོང་། འོན་ཀྱང་དཔེ་ཆ་གཞན་ཞིག་ཁ་ཕྱེ། དེ་ནི་ཚེ་སྲོག་གི་དཔེ་ཆ་ཡིན། ཤི་ཚར་བའི་མི་རྣམས་དཔེ་ཆ་དེར་བྲིས་པའི་ནང་དོན་ལྟར་ཁོ་ཚོ་སོ་སོའི་བྱ་སྤྱོད་ལ་གཞིགས་ནས་འདྲི་གཅོད་ལེན་སོང་། 13 རྒྱ་མཚོས་དེའི་ནང་གི་ཤི་ཚར་བའི་མི་ཕྱིར་སྤྲད་པ་དང་། ཤི་བ་དང་དུར་ས་ཡིས་དེ་ཚོའི་ནང་གི་ཤི་ཚར་བའི་མི་ཕྱིར་སྤྲད།  ཁོ་ཚོ་སོ་སོའི་བྱ་སྤྱོད་ལ་གཞིགས་ནས་འདྲི་གཅོད་ལེན་སོང་།