ལེགས་བཤད་ལེའུ་བཅུ་པ།
Proverbs 10
1 སོ་ལོ་མོན་གྱི་ལེགས་བཤད།
བློ་གྲོས་ལྡན་པའི་བུ་ཡིས་དེའི་ཕ་དགའ་སྤྲོ་སྐྱེད།
བུ་གླེན་པས་དེའི་ཨ་མ་སེམས་སྐྱོ་པོ་བཟོ།
2 གཡོ་སྒྱུ་ལ་བརྟེན་ནས་ཐོབ་པའི་རྒྱུ་ནོར་ལ་ཕན་ཐོགས་མེད།
འོན་ཀྱང་དྲང་བདེན་གྱིས་མིའི་ཚེ་སྲོག་ཤི་བ་ནས་སྐྱོབ།
3 ཡ་ཧོ་ཝཱས་དྲང་བདེན་གྱི་མི་བཀྲེས་སུ་མི་བཅུག
འོན་ཀྱང་ཁོང་གིས་མི་ངན་གྱི་འདོད་པ་སྐང་མ་གནང་།
4 ལེ་ལོ་ཅན་གྱི་ལག་པས་མི་དབུལ་པོ་བཟོ།
ལས་ལ་བརྩོན་པའི་ལག་པས་མི་ཕྱུག་པོ་བཟོ།
5 གནས་ལུགས་རྒྱུ་མཚན་ཤེས་པའི་བུ་ཡིས་དབྱར་ཁར་ལོ་ཏོག་བསྡུ།
ངོ་ཚ་མེད་པའི་བུ་ནི་བརྔ་བསྡུའི་དུས་སུ་གཉིད་ལྗིད་པོ་ཁུག
6 དྲང་བདེན་གྱི་མིའི་མགོ་སྟེང་དུ་བདེ་བ་འབབ།
འོན་ཀྱང་མི་ངན་གྱི་ཁ་ཡིས་དྲག་སྤྱོད་གཡོ་འགེབས་བྱེད།
7 དྲང་བདེན་གྱི་མི་ལ་རྗེས་དྲན་དང་བསྟོད་བསྔགས་འཐོབ།
འོན་ཀྱང་མི་ངན་གྱི་མིང་ལ་རུལ་སྐྱོན་ཐེབས།
8 སེམས་ལ་ཤེས་རབ་ལྡན་པའི་མི་ཡིས་སློབ་སྟོན་དང་ལེན་བྱེད།
གླེན་གཏམ་བཤད་མཁན་ལ་རྡོག་རོལ་ཐེབས།
9 ལྷག་བསམ་རྣམ་དག་གི་སྒོ་ནས་བྱ་བ་བྱེད་མཁན་ནི་བདེ་འཇགས་ངང་གོམ་པ་རྒྱག
འོན་ཀྱང་གཡོ་སྒྱུ་བྱེད་མཁན་རྣམས་མངོན་གསལ་དུ་འགྱུར།
10 གཡོ་སྒྱུ་ཚ་བའི་མིག་གིས་བརྡ་གཏོང་མཁན་ནི་མི་རྣམས་སེམས་སྐྱོ་པོ་བཟོ།
གླེན་གཏམ་བཤད་མཁན་ལ་རྡོག་རོལ་ཐེབས།
11 དྲང་བདེན་གྱི་མིའི་ཁ་ནི་ཚེ་སྲོག་གི་བྱུང་ཁུངས་ཡིན།
འོན་ཀྱང་མི་ངན་གྱི་ཁ་ཡིས་དྲག་སྤྱོད་གཡོ་འགེབས་བྱེད།
12 སྡང་སེམས་ཀྱིས་རྩོད་གཞི་སྣ་ཚོགས་སློང་།
འོན་ཀྱང་བརྩེ་སེམས་ཀྱིས་ནོར་འཁྲུལ་ཐམས་ཅད་འགེབས།
13 དབྱེ་ཞིབ་ཀྱི་ནུས་རྩལ་ལྡན་པའི་མིའི་ཁ་ལ་ཤེས་རབ་ཡོད།
འོན་ཀྱང་རྨོངས་པའི་རྒྱབ་ལ་གཞུ་བའི་ཆེད་དུ་ལྕག་ཚན་ཡོད།
14 བློ་གྲོས་ཅན་གྱིས་ཤེས་ཡོན་བསག
འོན་ཀྱང་གླེན་པའི་ཁ་ཡིས་ཉམས་རྒུད་གཏོང་།
15 ཕྱུགས་པོའི་རྒྱུ་ནོར་ནི་ཁོའི་ལྕོག་མཁར་ཡིན།
དབུལ་ཕོངས་ཀྱི་རྐྱེན་པས་དབུལ་པོ་ཉམས་རྒུད་དུ་འགྲོ།
16 དྲང་བདེན་གྱི་མིའི་བྱ་བ་ལ་ཚེ་སྲོག་གི་བྱ་དགའ་འཐོབ།
འོན་ཀྱང་མི་ངན་གྱི་ཡོང་འབབ་ནི་སྡིག་པ་བསག་པའི་མ་དངུལ་ཡིན།
17 བསླབ་བྱ་ལ་དོ་སྣང་བྱེད་ན་མི་རྣམས་ཚེ་སྲོག་གི་ལམ་ཐོག་ཏུ་ཁྲིད།
སྐྱོན་བརྗོད་ལ་དོ་སྣང་མ་བྱས་ན་མི་གཞན་ལམ་ནོར་དུ་ཁྲིད།
18 སྡང་སེམས་སྦས་གསང་བྱེད་མཁན་ནི་རྫུན་གཏམ་བཤད།
མི་གཞན་གྱི་རྒྱབ་བཤད་རྒྱག་མཁན་ནི་གླེན་པ་ཡིན།
19 ཁ་མང་པོ་ཡོད་ན་ངེས་པར་དུ་ནོར་འཁྲུལ་ཤོར།
འོན་ཀྱང་རང་ཉིད་ཀྱི་ཁ་གཅུན་མཁན་ནི་བསམ་ཤེས་ཅན་ཡིན།
20 དྲང་བདེན་གྱི་མིའི་ལྕེ་ནི་དངུལ་སྤུས་གཙང་དང་འདྲ།
མི་ངན་གྱི་སེམས་ནི་རིན་ཐང་ཧ་ཅང་ཆུང་།
21 དྲང་བདེན་གྱི་མིའི་ཁ་ཡིས་མི་མང་པོ་འཚོ་སྐྱོང་བྱེད།
གླེན་པ་རྣམས་ནི་བླུན་རྨོངས་ཀྱི་རྐྱེན་པས་ཚེ་སྲོག་ཤོར།
22 ཡ་ཧོ་ཝཱའི་བཀའ་དྲིན་གྱིས་མི་ཕུན་སུམ་ཚོགས་པོ་བཟོ།
ཁོང་གིས་དེར་སྡུག་བསྔལ་ཁ་སྣོན་མི་གནང་།
23 གླེན་པའི་བསམ་པར་ངོ་ཚ་མེད་པའི་བྱ་སྤྱོད་ནི་རྩེད་མོ་རྩེད་པ་ལྟར་ཡིན།
འོན་ཀྱང་དབྱེ་ཞིབ་ཀྱི་ནུས་རྩལ་ལྡན་པའི་མི་ལ་ཤེས་རབ་རྙེད།
24 མི་ངན་གྱིས་དངངས་སྐྲག་བྱེད་པའི་གནས་ཚུལ་ཁོ་རང་གི་སྟེང་དུ་འབྱུང་།
འོན་ཀྱང་དྲང་བདེན་གྱི་མིའི་འདོད་བློ་ཁེང་བར་འགྱུར།
25 རླུང་ཚུབ་ཕྱིན་ཚར་སྐབས་མི་ངན་མེད་པར་འགྱུར།
དྲང་བདེན་གྱི་མི་ནི་དུས་ནམ་ཡང་གནས་པའི་རྨང་གཞི་ཡིན།
26 ལེ་ལོ་ཅན་ནི་སྤྱིན་དག་གི་ངོས་ནས་བཤད་ན་
སོ་ལ་སྐྱུར་ཆུ་དང་མིག་ལ་དུ་བ་ལྟར་ཡིན།
27 ཡ་ཧོ་ཝཱ་ལ་གུས་བརྩི་ཞུས་ན་མི་ཚེ་རིན་པོ་འཐོབ།
འོན་ཀྱང་མི་ངན་གྱི་མི་ཚེ་ཐུང་དུ་གཅོད།
28 དྲང་བདེན་གྱི་མིའི་རེ་སྒུག་ལ་དགའ་སྤྲོ་སྐྱེད་པའི་འབྲས་བུ་འབྱུང་།
མི་ངན་གྱི་རེ་བ་ནི་མེད་པར་འགྱུར།
29 ཡ་ཧོ་ཝཱའི་ལམ་ཁ་ཡིས་ལྷག་བསམ་རྣམ་དག་བྱེད་མཁན་ལ་སྲུང་སྐྱོབ་བྱེད།
འོན་ཀྱང་དེས་བྱ་སྤྱོད་ངན་པ་སྤེལ་མཁན་ལ་ཉམས་རྒུད་གཏོང་།
30 དྲང་བདེན་གྱི་མི་ནམ་ཡང་ཕམ་ཉེས་འབྱུང་མི་སྲིད།
མི་ངན་ས་སྟེང་དུ་མུ་མཐུད་སྡོད་མི་ཐུབ།
31 དྲང་བདེན་གྱི་མིའི་ཁ་ནས་ཤེས་རབ་ཀྱི་གཏམ་འཐོན།
སྐད་ཆ་དྲང་པོ་མ་བཤད་པའི་ལྕེ་གཅད་པར་འགྱུར།
32 དྲང་བདེན་གྱི་མིའི་ཁ་ནི་ཡིད་དུ་འོང་བའི་སྐད་ཆ་བཤད་ཤེས་ཀྱི་ཡོད།
འོན་ཀྱང་མི་ངན་གྱི་ཁ་ནི་དྲང་པོ་མིན།



