ལེགས་བཤད་ལེའུ་བཅུ་གཅིག་པ།

Proverbs 11


1 ཡ་ཧོ་ཝཱས་མི་ལ་མགོ་སྐོར་གཏོང་བའི་རྒྱ་མ་ལ་སྡང་།

     ཁོང་གིས་ཡང་དག་པའི་རྒྱ་རྡོ་ལ་མཉེས་པོ་གནང་།

2 རང་ཚོད་མ་བཟུང་ན་ངོ་ཚ་ཡོང་།

     རང་ཚོད་འཛིན་མཁན་ལ་ཤེས་རབ་ལྡན།

3 མི་དྲང་པོའི་སེམས་པ་རྣམ་དག་གིས་མི་དེར་ཁྲིད་སྟོན་བྱེད།

     གཡོ་སྒྱུ་ཅན་གྱི་གཡོ་ཟོལ་གྱིས་མི་དེ་གཏོར་བཤིག་གཏོང་།

4 ཁོང་ཁྲོ་འབར་བའི་ཉིན་མོར་རྒྱུ་ནོར་གྱིས་ཕན་མི་ཐོགས།

     འོན་ཀྱང་དྲང་བདེན་ནི་མིའི་ཚེ་སྲོག་སྐྱོབ།

5 ལྷག་བསམ་རྣམ་དག་བྱེད་མཁན་གྱིས་དྲང་བདེན་ལ་བརྟེན་ནས་རང་ཉིད་ཀྱི་ལམ་ཁ་དྲང་པོ་བཟོ།

     འོན་ཀྱང་མི་ངན་ནི་རང་ཉིད་ཀྱི་སྤྱོད་ལམ་ངན་པའི་རྐྱེན་གྱིས་རྐང་འདྲེད་ཤོར།

6 མི་དྲང་པོའི་དྲང་བདེན་གྱིས་མི་དེ་སྐྱོབ།

     འོན་ཀྱང་གཡོ་སྒྱུ་ཅན་ནི་རང་ཉིད་ཀྱི་འདོད་རྔམ་གྱི་རྙི་ལ་ཚུད།

7 མི་ངན་ཤི་ཚར་ན་ཁོའི་རེ་བ་ཡང་མེད་པར་འགྱུར།

     ཁོའི་ནུས་སྟོབས་ལ་བརྟེན་པའི་རེ་བ་ཡང་སྟོང་ཟད་དུ་འགྱུར།

8 དྲང་བདེན་གྱི་མི་ནི་དཀའ་སྡུག་ལས་ཐར་ཐུབ།

     མི་ངན་གྱིས་ཁོའི་ཚབ་བྱས་ནས་དཀའ་སྡུག་མྱོང་།

9 ཆོས་ལོག་པའི་མིའི་གཏམ་གྱིས་ཉེ་འཁོར་གྱི་མི་གཏོར་བརླག་གཏོང་།

     འོན་ཀྱང་དྲང་བདེན་གྱི་མི་ནི་ཤེས་ཡོན་ལ་བརྟེན་ནས་སྲུང་སྐྱོབ་འཐོབ།

10 དྲང་བདེན་གྱི་མིའི་བཟང་སྤྱོད་ཀྱིས་གྲོང་ཁྱེར་ཧྲིལ་པོ་དགའ་དགའ་སྤྲོ་སྤྲོ་བཟོ།

     མི་ངན་མེད་པར་འགྱུར་སྐབས་མི་རྣམས་ཀྱིས་དགའ་སྤྲོའི་སྐད་རྒྱག

11 དཀོན་མཆོག་གིས་མི་དྲང་པོ་རྣམས་ལ་བདེ་ལེགས་སྤེལ་བས་གྲོང་ཁྱེར་དར་རྒྱས་འགྲོ།

     འོན་ཀྱང་མི་ངན་གྱི་ཁ་ཡིས་གྲོང་ཁྱེར་གཏོར་བཤིག་གཏོང་།

12 རྨོངས་པ་ཡིས་ཉེ་འཁོར་གྱི་མི་ལ་མཐོང་ཆུང་བྱེད།

     དངོས་གནས་དབྱེ་ཞིབ་ཀྱི་ནུས་རྩལ་ལྡན་པའི་མི་ནི་ཁ་ཁུ་སིམ་པོར་སྡོད།

13 མི་ལ་དམའ་འབེབས་གཏོང་མཁན་གྱིས་གསང་བ་གང་སར་ཁྱབ་པར་བྱེད།

     འོན་ཀྱང་བློ་འགེལ་ཆོག་པའི་མི་ཡིས་གསང་བ་སྲུང་།

14 མི་སེར་ལ་ཐབས་མཁས་པའི་ཁྲིད་སྟོན་མེད་ན་ཕམ་ཉེས་སུ་འགྲོ།

     བསླབ་བྱ་གཏོང་མཁན་མང་པོ་ཡོད་ན་ལེགས་སྒྲུབ་འཐོབ།

15 ཕྱི་མིའི་ཆེད་དུ་ཁག་ཐེག་བྱས་ན་གཏན་གཏན་དཀའ་ངལ་ཡོང་།

     འགན་རྒྱ་གཞག་པའི་ལག་པ་མ་བཏང་ན་ཉེན་ཁ་མེད།

16 མཇེས་སྡུག་ལྡན་པའི་བུད་མེད་ལ་གཟི་བརྗིད་འཐོབ།

     ཡ་ང་སྙིང་རྗེ་མེད་པའི་སྐྱེས་པ་ལ་རྒྱུ་ནོར་འཐོབ།

17 མི་ལ་རོགས་རམ་བྱས་ན་རང་ཉིད་ལ་ཕན་ཐོགས་འཐོབ།

     གདུག་རྩུབ་ཅན་གྱིས་རང་ཉིད་ལ་སྡུག་པོ་གཏོང་།

18 མི་ངན་ལ་གླ་ཆ་རྫུན་མ་འཐོབ།

     འོན་ཀྱང་དྲང་བདེན་གྱི་སྒོ་ནས་བྱ་སྤྱོད་སྤེལ་མཁན་ལ་བྱ་དགའ་ངོ་མ་འཐོབ།

19 དྲང་བདེན་གྱི་སྤྱོད་ལམ་རྒྱུན་སྐྱོང་བྱེད་མཁན་ལ་ཚེ་སྲོག་འཐོབ།

     འོན་ཀྱང་རྟག་པར་ངན་སྤྱོད་སྤེལ་མཁན་ཚེ་སྲོག་ཤོར།

20 སེམས་ལ་གཡོ་སྒྱུ་ཡོད་པའི་མི་ཡིས་ཡ་ཧོ་ཝཱ་ལ་ཞེ་ལོག་སྐྱེད།

     ཁོང་ལྷག་བསམ་རྣམས་དག་བྱེད་མཁན་ལ་མཉེས་པོ་གནང་།

21 མི་ངན་ལ་ངེས་ཕར་དུ་ཉེས་ཆད་ཕོག་པ་ཡིད་ཆེས་བྱེད་དགོས།

     དྲང་བདེན་གྱི་མིའི་བུ་ཕྲུག་རྣམས་ལ་ཐར་པ་འཐོབ།

22 གནས་ལུགས་རྒྱུ་མཚན་མི་ཤེས་པའི་བུད་མེད་མཛེས་མ་ནི་

     ཕག་པའི་སྣ་ལ་བཏགས་པའི་གསེར་གྱི་སྣ་ལོང་དང་འདྲ།

23 དྲང་བདེན་གྱི་མིའི་འདོད་པ་ལ་ལེགས་སྒྲུབ་འཐོབ།

     འོན་ཀྱང་མི་ངན་གྱི་རེ་བ་ནི་ཁོང་ཁྲོ་སློང་།

24 མི་ཁ་ཤས་གཏོང་ཕོད་ཆེན་པོ་བྱས་ཀྱང་དེ་བས་མང་བ་འཐོབ།

     མི་ཁ་ཤས་ཀྱིས་མི་ལ་སྤྲོད་དགོས་པའི་དངོས་པོ་མ་སྤྲད་ཀྱང་དབུལ་པོར་འགྱུར།

25 གཏོང་ཕོད་ཅན་རྣམས་དར་རྒྱས་འགྲོ།

     མི་གཞན་ལ་སེམས་ཤུགས་གསོ་མཁན་རྣམས་རང་ཉིད་ལའང་སེམས་ཤུགས་འཐོབ།

26 མི་སེར་གྱིས་འབྲུ་རིགས་ཉར་ནས་སེར་སྣ་བྱེད་མཁན་ལ་དམོད་མོ་རྒྱག

     ཁོ་ཚོས་འབྲུ་རིགས་འཚོང་མཁན་ལ་བསྟོད་བསྔགས་གཏོང་།

27 མི་རྣམས་ཧུར་བརྩོན་གྱིས་ལས་བཟང་བྱེད་མཁན་ལ་དགའ།

     བྱ་བ་ངན་པ་འཚོལ་མཁན་ལ་ངེས་པར་དུ་འབྲས་བུ་ངན་པ་འབྱུང་།

28 རྒྱུ་ནོར་ལ་བློ་གཏད་མཁན་རྣམས་ས་ལ་འགྱེལ།

     འོན་ཀྱང་དྲང་བདེན་གྱི་མི་ནི་ལོ་འདབ་རྒྱས་པ་ལྟར་དར་རྒྱས་ཡོང་།

29 ཁྱིམ་ཚང་ལ་གནོད་སྐྱེལ་མཁན་གྱིས་རྒྱུད་འཛིན་བྱེད་པའི་རྒྱུ་ནོར་ནི་ལྷགས་པ་ལྟར་ཡིན།

     གླེན་པ་ནི་སེམས་ལ་ཤེས་རབ་ལྡན་པའི་མིའི་གཡོག་པོ་བྱེད།

30 དྲང་བདེན་གྱི་མིའི་གྲུབ་འབྲས་ནི་ཚེ་སྲོག་གི་ཤིང་སྡོང་དང་འདྲ།

     ཤེས་རབ་ཅན་ལ་མི་རྣམས་འཐོབ།

31 ས་སྟེང་དུ་དྲང་བདེན་གྱི་མི་ལ་ཡང་ཆད་པ་ཕོག་པས།

     མི་ངན་དང་སྡིག་ཉེས་ཅན་ཡིན་ན་ཉེས་ཆད་དེ་བས་ཆེ་བ་ཕོག་ལོས་ཡིན།